Monthly Archives: June 2023

ཀི་དེབ་བསྐྱར་ཞིབ། དུང་དཀར་དང་ནགས་ཚལ་གནག་དུང་དུང་།

དུང་དཀར་དང་ ནགས་ཚལ་གནག་དུང་དུང་།

ལོ་འིསི་རྡོ་རྗེ་གིས་ བརྩམས་བསྒྲིགས་དང་ ཀུན་བཟང་དབང་འདུས་ཀྱིས་ སྐད་སྒྱུར་རྐྱབ་ཡོད་པའི་ ཨ་ལོའི་ལྷག་དེབ་ “དུང་དཀར་དང་ ནགས་ཚལ་གནག་དུང་དུང་” ཟེར་མི་དེ་ ཤེས་རིག་ལྷན་ཁག་དང་ རྒྱལ་སྤྱིའི་ཨ་ལོའི་སྲུང་སྐྱོབས་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ སྤྱི་ལོ་༢༠༡༦་ལོ་ལུ་ སྤར་སྐྲུན་འབད་ནུག། ཀི་དེབ་དེ་གི་ ཕྱི་ཤོག་གུ་བཀོད་དེ་ཡོད་པའི་ བརྡ་དོན་དང་འཁྲིལ་བ་ཅིན་ ཀི་དེབ་དེབ་དེ་ འབྲུག་ཨ་ལོའི་ཀི་དེབ་རྩོལ་སྒྲུབ་ ཟེར་བའི་གཞི་ཚོགས་ཀྱི་འོག་ལུ་ འབྲུག་པའི་ཨ་ལོ་ཚུ་ལུ་ ཀི་དེབ་ལེགས་ཤོམ་ལྷག་ནི་གི་ གོ་སྐབས་སྤྲོད་ནིའི་དོན་ལུ་ སྤར་སྐྲུན་འབད་ཡོདཔ་ཨིན་མས། ཀི་དེབ་དེ་ ད་རེས་ནངས་པར་ རྒྱལ་སའི་ཀི་དེབ་ཚོང་ཁང་ཚུ་ནང་ལས་ དངུལ་ཀྲམ་༢༥༠་རེ་སྦེ་ ཉོ་ནི་འཐོབ་པས།

ཀི་དེབ་དེ་གི་ནང་དོན་དེ་ སྒོ་ཕྱུགས་སེམས་ཅན་དང་ མི་ དེ་ལས་ རང་བཞིན་གནས་སྟངས་ཚུ་གི་བར་ན་ འབྲེལ་བ་ག་དེ་སྦེ་ ཡོདཔ་ཨིན་ན་གི་སྐོར་ལས་ ཨིན་མས། ནང་དོན་དེ་ཡང་ སྒོ་ཕྱུགས་སེམས་ཅན་ དུང་དཀར་ཟེར་མི་ རོ་ཁྱི་དང་ དཀར་མོ་ཟེར་མི་ བྱི་ལི་ཕྱུ་གུ་ དེ་ལས་ དུང་དཀར་དང་ དཀར་མོ་གི་ཇོ་བདག་ ཀུན་མཛེས་ཟེར་མི་ཨ་ལོ་ ལོ་བརྒྱད་འབད་མི་བཅས་ ཁོང་གསུམ་གྱི་བར་ན་བྱུང་བའི་ སྲུང་གི་ཐོག་ལས་སྦེ་ སྟོན་མས། ཀི་དེབ་དེ་ནང་ སྲུང་གི་བྱུང་རིམ་དང་འབྲེལ་བའི་ པར་རིས་ཚུ་ བཙུགས་ཏེ་ཡོད་མི་དེ་གིས་ ཨ་ལོ་ཚུ་ ཀི་དེབ་ལྷག་ནི་ལུ་ སྤྲོ་བ་སྐྱེ་ཚུགས་ནི་ཨིནམ་མ་ཚད་ སྲུང་གི་བརྗོད་དོན་ཡང་ འཇམ་ཏོང་ཏོ་འབད་ ཧ་གོ་ནི་ཨིན་མས། སྲུང་དེ་ དང་ཕུའི་ཁ་རྒྱུན་གྱི་ སྲུང་བཟུམ་སྦེ་མེན་པར་ ཨ་ལོའི་སྲུང་གི་ ཁྱད་ཆོས་དང་ལྡནམ་སྦེ་འབད་ཞིན་ལས་ མིང་ཚིག་འཇམ་ཏོང་ཏོ་ཚུ་ ལག་ལེན་འཐབ་སྟེ་ བརྗོད་ཚིག་ ཐུང་ཀུ་ཐུང་ཀུ་སྦེ་ བྲིས་མི་དེ་གིས་ ཨ་ལོའི་ལྷག་ནི་གི་རིག་རྩལ་ ཡར་རྒྱས་གཏང་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས། ལྷག་པར་དུ་ཡང་ སྲུང་གི་ནང་དོན་དང་ པར་རིས་ཚུ་ལུ་བརྟེན་ཏེ་ ཨ་ལོ་ཚུ་གིས་ སྒོ་ཕྱུགས་སེམས་ཅན་གྱི་མིང་བཏགས་ཐང་དང་ སྒོ་ཕྱུགས་སེམས་ཅན་ གསོ་སྐྱོང་འབད་ཐང་གིས་གཙོས་པའི་ འབྲུག་པའི་ལམ་སྲོལ་ཚུ་ཡང་ ཧ་གོ་ནི་ཨིན་མས། དེ་འབདཝ་ད་ ཀི་དེབ་དེ་ནང་ སྐད་ཡིག་དང་ ཡི་གུའི་སྦྱོར་བ་དང་ སྡེབས་སྦྱོར་ ཚུ་གི་ཐད་ལུ་ ནོར་འཁྲུལ་ཡང་ ལེ་ཤ་ར་འདུག།

དེ་ཚུ་གི་གྲལ་ལས་ སྡེབས་སྦྱོར་གྱི་ ནོར་འཁྲུལ་ནང་ལུ་ཡང་ སྡེབས་སྦྱོར་འཛོལ་འཛོལཝ་ངེས་བདེན་ཨིན་མི་དང་ སྡེབས་སྦྱོར་ངེས་པ་མེདཔ་སྦེ་ བྲིས་བྲིསཝ་ དུས་གསུམ་གྱི་སྡེབས་སྦྱོར་འཛོལ་འཛོལཝ་བཅས་ ཁག་གསུམ་ཐོན་མས། དེ་ཚུ་གི་གྲལ་ལས་དང་པ་ བསྡེབས་སྦྱོར་འཛོལ་བ་ངེས་བདེན་ཨིན་མི་དེ་འབད་བ་ཅིན་ ཀི་དེབ་ཀྱི་ཕྱི་ཤོག་ནང་ ༡དན་ལུ་་་ ༢པར་རིམ་་་་་་ ༣སློབ་གྲ་་་་་ ༤སྤྲོ་བ་བསྐྱོད་་་་ ༥སློ་དཔོན་་་་ ༦འཛིན་སྤྱོང་་་་ ཟེར་ འབྲི་སྟེ་འདུག། དེ་ཚུ་ བསྡེབས་སྦྱོར་དང་འཁྲིལ་ཏེ་བྲི་བ་ཅིན་ དོན་ལུ། པར་རིས། སློབ་གྲྭ། སྤྲོ་བ་བསྐྱེད། སློབ་དཔོན། འཛིན་སྐྱོང་། ཟེར་འབྲི་དགོ་ནི་ཨིན་མས། དེ་བཟུམ་སྦེ་ རྩོམ་གཞུང་དངོས་ནང་ ༡ཕྱུག་གུ་་་་ ༢འཆོངས་ནི་་་་ ༣རྟག་ཞིབ་་་་ ༤སང་སྟེ་་ ༥དགའ་འཚོར་་་ ཟེར་འབྲི་སྟེ་ཡོད་མི་ཚུ་ཡང་ བསྡེབས་སྦྱོར་དག་པ་སྦེ་བྲི་བ་ཅིན་ ཕྱུ་གུ། མཆོངས་ནི། བརྟག་ཞིབ། སངས་ཏེ། དགའ་ཚོར་ ཟེར་འབྲི་དགོ་ནི་ཨིན་མས།

དེ་ལས་ སྡེབས་སྦྱོར་ངེས་པ་མེདཔ་སྦེ་བྲིས་བྲིསཝ་འདི་ ༡གནག་དུང་དུང་དང་ གནག་དུང་དུ་ ༢ལོ་རྒྱུས་དང་ ལོ་རྒྱུ་ ༣བཏགས་ནི་དང་ བཏག་ནི་ ༤གནག་མདོག་དང་ གནག་དོ་ ༥ཕར་ཧོངས་མ་དང་ ཕར་ཧོས་མ་ ༦བྱིན་ནི་དང་ འབྱིན་ནི་ ༧ག་ཏེ་དང་ ག་སྟེ་ ༨གནགཔོ་དང་ གནགཔ་ ༩སྦུགས་དང་ སྦུག་ཚུ་ཨིན་མས། དེ་ཚུ་ སྡེབས་སྦྱོར་ གདམ་ཁ་ཅན་ཨིནམ་བཟུམ་སྦེ་ སྤེལ་ཡི་སྤེལ་ཡི་ར་ འབྲི་སྟེ་འདུག། དེ་ཚུ་ མཛུབ་སྣོན་གྱི་ནོར་འཁྲུལ་ འོང་སྲིད་ནི་ཨིན་རུང་ བཏག་ནི་ཟེར་མི་འདི་ ཆོས་སྐད་ནང་ལུ་ ཕྱེ་འཐག་ནི་དང་ གོ་ལ་འཐག་ནི་གི་ མ་འོངས་པའི་བྱ་ཚིག་ལུ་འཇུགཔ་ལས་ དེ་དང་ནོར་འཁྲུལ་བྱུང་བྱུངམ་མེན་ན་ མནོ་བའི་དོགས་པ་ཡང་འདུག།

དུས་གསུམ་གྱི་སྡེབས་སྦྱོར་གྱི་ཐད་ལུ་ “གཟུགས་ག་ར་བསྐུམས་ཏེ་ཉལ་སྡོད་དོ་ཡོདཔ་མས་” “ཨ་རྟག་ར་སྐད་ཚར་དྲགས་སྦེ་བརྐྱབ་སྡོད་མི་” ཟེར་མི་ནང་ སྐུམ་དང་ རྐྱབ་གཉིས་ ད་ལྟ་བའི་བྱ་ཚིག་འོང་དགོ་ནི་བཟུམ་མཐོང་རུང་ རིམ་པ་བཞིན་དུ་ འདས་པ་དང་ མ་འོངས་པ་སྦེ་འབྲི་སྟེ་འདུག། དེ་བཟུམ་སྦེ་ “མ་མཐོང་ག་ཟེར་དྲི་ནུག་” “མིག་ཏོ་བཙུམ་སྟེ་ཉལ་སྡོད་ནུག་” ཟེར་མི་ནང་ དྲིས་དང་བཙུམས་གཉིས་ འདས་པའི་བྱ་ཚིག་ འོང་དགོཔ་བཟུམ་མཐོང་རུང་ གཉིས་ཆ་ར་ མ་འོངས་པའི་བྱ་ཚིག་ འབྲི་སྟེ་འདུག། མ་གཞི་ ད་ལྟོ་ དེ་བཟུམ་གྱི་གནས་སྟངས་ནང་ དུས་གསུམ་གྱི་བྱ་ཚིག་ ག་ཅི་འབྲི་དགོཔ་ཨིན་ན་ ལམ་ལུགས་ཁ་གསལ་ཅིག་མེདཔ་བཟུམ་འདུག། གལ་སྲིད་ དེ་བཟུམ་གྱི་ལམ་ལུགས་འདི་མེད་པ་ཅིན་ གོང་ལུ་བཀོད་དོ་བཟུམ་སྦེ་ དབྱིན་སྐད་ལས་རྟ་དྲངས་ཏེ་ གསར་རྩོམ་འབད་བར་ མ་བཏུབཔ་མིན་འདུག་མནོཝ་མས།

ཚིག་ཕྲད་ཀྱི་གྲལ་ལས་ དཀའ་ངལ་གཙོ་བོ་ར་ སྦེ་དང་འབད་གཉིས་ཨིན་མས། སྦེ་དང་འབད་གཉིས་ ༼༡ཤུགས་སྦེ་ འགྲོས་ཀྱིས་འབད་ ༢སྐད་ཚ་དྲགས་སྦེ་ སྟུགས་པགས་པ་འབད་ ༣ག་ཅི་སྦེ་ ག་དེ་འབད་ ཟེར་དོ་བཟུམ་༽ བྱ་བའི་ཁྱད་ཚིག་དང་ མིང་གི་ཁྱད་ཚིག་ དྲི་ཚིག་ཚུ་གི་མཐའ་མར་ ངེས་པ་མེད་པར་ འཇུགཔ་བཟུམ་སྦེ་ འབྲི་སྟེ་འདུག། སྦེ་དང་འབད་ཀྱི་ དཀའ་ངལ་འདི་ ཀི་དེབ་འདི་ནང་རྐྱངམ་གཅིག་མེན་པར་ རྫོང་ཁའི་དཔེ་དེབ་ ལེ་ཤ་ཅིག་ནང་ར་ མཐོངམ་ཨིན་མས། དཀའ་ངལ་འདི་ རྫོང་ཁའི་སློབ་སྟོན་པ་དང་ སྐད་ཡིག་གི་མཁས་མཆོག་ཚུ་གིས་ འཕྲལ་མགྱོགས་སྦེ་ར་ བསལ་དགོཔ་འདུག། དེ་མིན་པ་ཅིན་ སྐད་ཡིག་གི་ གཞི་འགྱམ་བཙུགས་པའི་བསྒང་འབད་མི་ ཨ་ལོ་ཚུ་ མགུ་འཐོམས་ཏེ་ སྐད་ཡིག་གི་གཞི་འགྱམ་ཚུད་ནི་ལུ་ གནོད་ནི་མས། དེ་ལས་ ༼དུང་དཀར་གི་ དུང་དཀར་གིས་ ལམ་གི་ གསེར་གི་ ཟེར་དོ་བཟུམ་༽ བྱེད་སྒྲ་དང་འབྲེལ་སྒྲའི་ཕྲད་ རྗེས་འཇུག་གི་ ཐོབ་ལམ་དང་མ་འཁྲིལཝ་དང་ ༼འཚའ་ཡོད་པའི་གི་ཟེར་༽ འབྲེལ་སྒྲ་གཉིས་བརྩེགས་བྲིས་བྲིསཝ་ གུ་དང་གུར་ ཁ་དང་ཁར་ ཁོ་རང་དང་ཁོ་ར་ཚུ་ གདམ་ཁ་ཅན་སྦེ་འབྲི་མི་དེ་ཡང་ དཀའ་ངལ་ཅིག་ཨིན་མས།

སྐད་ཡིག་གི་ཐད་ལས་འབད་བ་ཅིན་ ངག་གཤིས་དང་མ་མཐུནམ་དང་ བརྡ་སྤྲོད་ཀྱི་གཞུང་དང་མ་མཐུནམ་ ཁག་གཉིས་སྦེ་འདུག། སྲུང་གི་འགུ་ལུ་ དུང་དཀར་ཟེར་མི་རོ་ཁྱི་གི་ངོ་སྤྲོད་ནང་ལུ་ ཁོ་ལུ་རྣམ་ཅོག་ཀྲོང་ཀྲོང་དང་ མིག་ཏོ་གསེར་གྱི་མདོག་བཟུམ་ པགས་ཀོ་གནགཔོ་ སྟུགས་པགས་པ་འབད་ ཡོདཔ་ཨིན་མས་ཟེར་བཀོད་མི་དེ་ པགས་ཀོ་གནགཔོ་ཟེར་མེན་པར་ སྤུ་ཁ་གནགཔོ་ ཟེར་བཀོད་པ་ཅིན་ རྫོང་ཁའི་ངག་གཤིས་དང་ འཁྲིལ་ནི་ཨིན་མས། བྱམོ་སྡེ་ཚན་གཅིག་ ཨ་རྟག་རང་ སྐད་ཚར་དྲགས་སྦེ་ རྐྱབ་སྡོད་མི་དང་མཉམ་ ཟེར་མི་དེ་ ཨ་རྟག་རང་ སྐད་ཚར་དྲགས་སྦེ་རྐྱབ་སྡོད་མི་ བྱམོ་སྡེ་ཚན་གཅིག་དང་མཉམ་ ཟེར་བྲི་བ་ཅིན་ བརྡ་སྤྲོད་ཀྱི་གཞུང་དང་མཐུན་ནི་མས། དུང་དཀར་འཚོལ་བར་སོང་སྟེ་ སྒོ་ར་ཁར་ལྷོདཔ་ད་ ཟེར་མི་དེ་ཡང་ དུང་དཀར་ བྱི་ལི་ཕྱུ་གུ་ འཚོལ་བར་སོང་སྟེ་ སྒོ་ར་ཁར་ལྷོདཔ་ད་ ཟེར་བ་ཅིན་ བརྡ་སྤྲོད་པའི་གཞུང་དང་འཁྲིལ་ནི་ཨིན་མས། དེ་མེན་པ་ཅིན་ དུང་དཀར་དེ་ འཚོལ་བར་འགྱོ་མི་མེན་པར་ འཚོལ་ནི་གི་དངོས་པོ་སྦེ་ གོ་བ་ལོན་ནི་ཉེན་ཁ་འདུག། ངག་གཤིས་ནང་ལུ་ བྱ་པོད་དང་བྱམོ་ཉལ་ས་ལུ་ གདང་ཟེར་སླབ་དོ་ཡོདཔ་ལས་ བྱམོ་ཚུ་ནི་ ཁོང་རའི་ཚང་ནང་ འཛུལ་ཚར་ནུག་ཟེར་མེན་པར་ གདང་གུར་འཛེགས་ཆི་ནུག་ ཟེར་བྲི་དགོ་ནི་ཨིན་མས། ཁོ་འགྱོ་སའི་ལམ་ཁར་ ཤིང་གཅིག་གི་གུ་ལས་ ག་ཅི་ཨིན་ན་མ་ཤེས་པར་གནགཔོ་གཅིག་ ཟེར་མི་དེ་ཡང་ ཤིང་ཅིག་གུ་ལས་ ག་ཅི་ཨིན་ན་མ་ཤེས་པའི་གནགཔོ་ཅིག་ ཟེར་བྲི་ནི་དང་ ཡང་ཅིན་ ག་ཅི་ཨིན་ན་མ་ཤེསཔ་ གནགཔོ་ཅིག་ ཟེར་བྲི་བ་ཅིན་ བརྡ་སྤྲོད་པའི་གཞུང་དང་འཁྲིལ་ནི་ཨིན་མས། སོ་བཏབ་པར་འོང་དེས་ཟེར་ བྱེལ་སྐད་ཤོར་ནུག་ཟེར་མི་དེ་ཡང་ འདྲོགས་སྐད་ཤོར་ནུག་ཟེར་བྲི་ནི་དང་ ཡང་ན་ སྐད་ཤོར་ནུག་ཟེར་ བྲི་དགོ་ནི་ཨིན་མས། བྱེལ་སྐད་ཤོར་ཟེར་མི་དེ་ ལགས་སོ་སྐུ་ཆེ་ཟེར་ གསོལཝ་བཏབ་དགོཔ་ཐོན་མི་ལུ་སླབཔ་ཨིན།

བཅུད་བསྡུ་བ་ཅིན་ གོང་ལུ་བཀོད་དོ་བཟུམ་སྦེ་ ཀི་དེབ་འདི་ ཨ་ལོ་ཚུ་གི་རྒྱུད་ལུ་ རྫོང་ཁའི་ལྷག་རྩལ་ཡར་རྒྱས་གཏང་ནིའི་དོན་ལུ་ འོས་འཚམས་ལྡན་པའི་ ལྷག་དེབ་ཅིག་ཨིན་མས། ཨིན་རུང་ ཀི་དེབ་འདི་ནང་ལུ་ བསྡེབས་སྦྱོར་འཛོལ་བ་དང་ བརྡ་སྤྲོད་པའི་གཞུང་དང་འགལ་བ། དེ་ལས་ སྐད་ཡིག་གི་ངག་གཤིས་དང་མ་མཐུནམ་ དག་པ་ཅིག་ཡོདཔ་ལས་ དེ་ཚུ་གིས་སྦེ་ ཨ་ལོའི་རྒྱུད་ལུ་ གནོད་པ་ཡང་ འབྱུང་སྲིད་ནི་ཨིན་མས། དེ་འབདཝ་ལས་ གོང་གི་སྐྱོན་ཚུ་ ལེགས་བཅོས་འབད་ཚུགས་པ་ཅིན་ ཀི་དེབ་འདི་གིས་ ལྷག་མི་ཨ་ལོ་ཚུ་ལུ་ ཕན་རླབས་ཧེང་བཀལ་ར་ འབྱུང་ནི་ཨིན་མས།