Monthly Archives: September 2021

འབྲུག་ལུ་ དཔེ་ཆའི་ལམ་སྲོལ་ ནམ་ལས་བྱུང་ནུག།

འབྲུག་ལུ་ དཔེ་ཆའི་ལམ་སྲོལ་དེ་ འགོ་ཐོག་ནམ་བྱུང་ཡོདཔ་ཨིན་ན་ ཏན་ཏན་ཅིག་སྦེ་ མ་ཤེས་རུང་ དུས་རབས་༡༠་པའི་གོང་ལས་ བྱུང་ཡོདཔ་ངེས་བདེན་ཨིན་མས། འདི་གི་རྒྱུ་མཚན་ཡང་ དང་པ་ དུས་རབས་༡༠་པ་དང་༡༡་པ་ནང་ བོད་ལས་མར་ གཏེར་སྟོན་པ་མང་རབས་ཅིག་བྱོན་ཏེ་ བུམ་ཐང་དང་སྤ་རོ་ལས་ ཆོས་གཏེར་ལེ་ཤ་ བཞེས་ནུག། དེ་ཡང་ བོན་པོ་བྲག་ཚལ་པ་གིས་ དཀོན་མཆོག་གསུམ་ལྷ་ཁང་ནང་ལས་ རྫོགས་ཆེན་གྱི་ཆོས་སྐོར་དང་ རཀྵ་ཆོས་འབར་གྱིས་ གཅལ་ཁའི་བྱག་གུ་ལས་ མ་མོ་དང་ འཇིག་རྟེན་དྲེགས་པའི་རྒྱུད་ གཏེར་ལས་བཞེས་ཡོདཔ་ཨིན་མས། དེ་བཟུམ་སྦེ་ བླ་མ་གྲུམ་པ་གིས་ སྤ་རོ་སྐྱེར་ཆུ་ལྷ་ཁང་གི་ཡ་ཐེམ་ལས་ གཟའ་རྒོད་སྤུ་གྲིའི་དྲག་སྔགས་དང་ ཀུ་ས་སྨན་པ་གིས་ གཅལ་ཁའི་བྱག་གི་ལོགས་ལས་ སྨན་གྱི་ཆོས་སྐོར་ གཏེར་བཞེས་ཡོདཔ་ཨིན་མས། རྒྱུ་མཚན་གཉིས་པ་འདི་ དུས་རབས་༡༠་པ་ནང་ལུ་ འབྲུག་ལས་ཡང་ བླམ་དང་མཁས་པ་ མང་རབས་ཅིག་ཐོན་ནུག། དེ་ཡང་ རཏྣ་གླིང་པའི་སྐུ་ཕྲེང་སྔ་མ་ ལན་ཐེངས་གཉིས་དེ་རེ་ བུམ་ཐང་ལུ་འཁྲུངས་ཏེ་ གསང་སྔགས་ཀྱི་ཆོས་ལུ་ མཁས་པ་ཐོན་ཡོདཔ་ད་ ཧེ་མམ་འདི་གིས་ གཏེར་སྟོན་རྒྱ་ཞང་ཁྲོམ་པ་ བླམ་སྦེ་བསྟེན་ཡོདཔ་ཨིན་མས། དེ་ལས་ རྒྱུ་མཚན་གསུམ་པ་འདི་ དུས་རབས་༡༢་པ་དང་༡༣་པ་ནང་ འབྲུག་ལུ་ དཔེ་ཆའི་ལམ་སྲོལ་ དར་ཁྱབ་སྦོམ་སྦེ་ར་སྡོད་ནུག། དེ་ཡང་ ལྷ་ནང་པ་གིས་ སྤ་རོ་གཅལ་ཁ་ལུ་ དགེ་སློང་༡༧༠༠་དང་གཅིག་ཁར་ དབྱར་གནས་འཚོགས་ཏེ་ དུས་འཁོར་གྱི་བཀའ་ཆོས་ གནང་ཡོདཔ་ད་ ལོ་རས་པ་གིས་ བུམ་ཐང་ཐར་པ་གླིང་ཕྱག་བཏབ་སྟེ་ དགེ་སློང་༢༨༠༠་ལུ་ བཀའ་ཆོས་གནང་ནུག། དེ་མ་ཚད་ ལྷ་ནང་པ་གིས་ གཅལ་ཁ་ལུ་ དམར་མཆོད་ བཀག་སྡོམ་གནང་སྟེ་ སངས་རྒྱས་ཀྱི་གསུང་རབ་ལྷག་ནི་གི་ སྲོལ་བཙུགས་ཡོདཔ་ད་ བསླབ་གསུམ་རིན་ཆེན་ཐེམ་སྐས་ཀྱིས་གཙོས་པའི་ དཔེ་ཆ་ཡང་ མང་རབས་ཅིག་ བརྩམས་ནུག། དེ་སྦེ་ གོང་ལུ་བཀོད་དོ་བཟུམ་སྦེ་ དུས་རབས་༡༠་པ་ནང་ གཏེར་སྟོན་པ་མང་རབས་ཅིག་བྱོན་ལུགས་དང་ མཁས་པ་མང་རབས་ཅིག་ཐོན་ལུགས་ དེ་ལས་ དུས་རབས་༡༣་པ་ནང་ བཤད་སྒྲུབ་ཀྱི་སྡེ་དར་ཞིང་རྒྱས་ལུགས་ཚུ་ལུ་བལྟཝ་ད་ འབྲུག་ལུ་དཔེ་ཆའི་ལམ་སྲོལ་འདི་ ག་དེ་ཅིག་ར་ཕྱིས་རུང་ དུས་རབས་༡༠་པའི་སྔོན་གོང་ལས་ བྱུང་ཡོདཔ་ ཐག་ཆོད་ཨིན་མས།