Monthly Archives: September 2020

ཁ་རྗེ་གིས་ དགའ་འཛུམ་སྟོན་པའི་ཉིམ།

ང་བཅས་ཀྱིས་ ང་བཅས་རའི་སྐོར་ལས་ སྲུང་བྲིས་ཞིནམ་ལས་ ག་ཅི་འབད་ མི་གཞན་ སྲུང་དེ་ལུ་ སྤྲོ་བ་བསྐྱེད་ནི་གི་རེ་བ་ བསྐྱེདཔ་ཨིན་ན? དེ་སྦེ་རེ་བ་བསྐྱེད་མི་འདི་ ང་བཅས་རའི་སྐོར་ལས་བྲིས་མི་སྲུང་ཚུ་ མང་ཤོས་ར་ ང་བཅས་རའི་སྐོར་ལས་མེན་པར་ མཐའ་འཁོར་ལུ་ཡོད་པའི་ མི་དང་དངོས་པོ་ཚུ་གི་སྐོར་ལས་ འབད་ནི་འདི་གིས་ཨིན།

 

ངེའི་སྲུང་འདི་ དང་ཕུ་གི་སྲུང་བཟུམ་སྦེ་ འགོ་བཙུགས་གེ། སྤྱི་ལོ་༢༠༠༥ གི་ཟླཝ་དང་པའི་ནང་ ལོན་ཌོན་[1] པེ་ཌིང་ཊོན་ལུ་ རྒྱལ་ཁབ་འདི་ནང་ལས་ ནངས་པར་ཐོན་འགྱོ་ནི་ཟེར་བའི་ཉིན་མར་ ངེའི་དངུལ་ཁུག་དང་ ལམ་ཡིག་ མཁའ་འགྲུལ་གྱི་ཤོག་འཛིན་ཚུ་ཆ་མཉམ་ར་ ཨརཝ་ཤོར་སོ་ཡི། དེ་བསྒང་ བྱུང་རྐྱེན་དེ་ འཚབས་ཆེན་གྱི་རྐྱེན་ངན་ཅིག་བཟུམ་སྦེ་ ཚོར་ཡི།  ཨིན་རུང་ ཟླཝ་དག་པ་ཅིག་གི་རྒྱབ་ལས་ བྱུང་རྐྱེན་འདི་ མི་ཚུ་སྤྲོ་སྣང་སྐྱེ་བའི་ གཏམ་རྒྱུད་ཆེན་མོ་ཅིག་ལུ་ གྱུར་སོ་ཡི།

སྤྱི་ལོ་༢༠༠༥ གི་ཟླཝ་དང་པའི་ཚེས་༡༩ གི་ཚེ་ ཉིན་དགུང་དེ་ཅིག་ལུ་ ཡུ་ཀེ་གི་བདུན་ཕྲག་གཅིག་གི་བལྟ་སྐོར་ མཇུག་བསྡུ་སྟེ་ པེ་ཌིང་ཊོན་མེ་འཁོར་གྱི་འབབ་ཚུགས་ལུ་ ལྷོད་ཅི།  དབྱིན་ཡུལ་གྱི་གྲོང་གསེབ་གཡུས་ཚན་ནང་ འགྲོ་འགྲུལ་འབད་མི་དེ་གིས་ ངེའི་སེམས་ཁར་ དགའ་སྐྱོ་འདྲེས་མའི་ཚོར་སྣང་ཅིག་ བྱིན་ཡི། ང་ སྤྱི་ལོ་༡༩༦༥ ལས་༡༩༧༥ ཚུན་ཚོད་ རྒྱ་གར་བྱང་ཕྱོགས་ཀྱི་ ཤག་སྡོད་སློབ་གྲྭ་ནང་ལུ་འབད་ དབྱིན་ཡུལ་ལུ་གཞི་བཞག་སྟེ་བརྩམས་བསྒྲིགས་འབད་ཡོད་པའི་སྲུང་དང་ དབྱིན་སྐད་ལྷག་དེབ་ཟེར་བའི་ སློབ་དེབ་ཚུ་ལུ་བརྟེན་ཏེ་ སྦོམ་སྦོམ་ཅིག་ཨིན། དེ་བསྒང་ བ་དམརཔོ་འཁྱམས་སྡོད་སའི་ སྔོ་ལྗང་ལྡན་པའི་ཞིང་གི་པར་དང་ ཁྱིམ་ཏོག་དམརཔོ་བཀབ་སྟེ་ཡོད་པའི་གཡུས་ཚན་གྱི་ལྟག་ལུ་ ཡེ་ཤུའི་ལྷ་ཁང་གི་དབུ་རྩེ་ཡོད་པའི་པར་ དེ་ལས་ཀོ་ཋི་གྱོན་ཡོད་པའི་ཞིང་པ་ཅིག་གིས་ ཊེག་ཊར་གཏང་མི་གི་པར་ཚུ་ ངེའི་སེམས་ཁར་ གླིང་སོ་སོ་ཅིག་གི་པར་སྦེ་ སྡོད་ཡོདཔ་ཨིན་རུང་ དེ་ཚུ་ ད་རེས་ལོ་ངོ་སུམ་ཅུ་གི་རྒྱབ་ལས་ རེ་ལིའི་སྒོ་ཅུང་ལས་མར་ ངེའི་མིག་ཏོ་གིས་ དངོས་སུ་སྦེ་མཐོང་མས།

པེ་ཌིང་ཊོན་ལུ་ལྷོདཔ་ད་ ཉིམ་དག་པ་ཅིག་གི་ཧེ་མར་ གསར་ཤོག་གི་རྩོམ་སྒྲིག་པ་ཚུ་དང་གཅིག་ཁར་ གྲུབ་འབྲས་ལྡན་པའི་ཞལ་འཛོམས་ ཁག་ལེ་ཤ་ཅིག་རྐྱབ་ཡོད་པའི་ཁར་ མེ་འཁོར་ནང་གི་འགྲུལ་བསྐྱོད་མཐའ་མ་འདི་ནང་ ཟིན་བྲིས་ཚུ་ཡང་ ངེའི་ལེབ་ཊོབ་ནང་ བཙུགས་ཚར་ཡོདཔ་ལས་ བསམ་པ་རྫོགསཔ་ཟེར་རུང་དེ་ཅིག་ཟེར་མནོ་ཡི། མེ་འཁོར་གྱི་འབབ་ཚུགས་ནང་ མ་ལྷོདཔ་གཅིག་ཁར་ ལེབ་ཊོབ་ ལྟོ་རྫོགས་ནི་འབད་ཆིཝ་ལས་ བསད་བཞག་ཅི། དེ་བསྒང་ ལེབ་ཊོབ་ལྟོ་རྫོགསཔ་མེན་པར་ ངེའི་ཁ་རྗེ་རྫོགསཔ་ཨིནམ་ ང་གིས་མ་ཚོར་བས།

པེ་ཌིང་ཊོན་ལུ་ལྷོདཔ་ད་འབད་ཚེ་ ང་མགྲོན་ཁང་ནང་ བསྐྱལ་བར་འགྱོ་ནི་ཨིན་མི་མི་དེ་ མ་ལྷོད་པས། མ་གཞི་ ང་ལུ་ སྐྱེལ་བར་འགྱོ་མི་ དགོཔ་ཡང་མིན་འདུག། ངེའི་མགྲོན་ཁང་འདི་ སྐར་མ་དག་པ་ཅིག་ནང་ ལྷོད་པའི་ས་ཁར་ཨིནམ་ལས་ གླ་འཁོར་བདའ་འགྱོ་བ་ཅིན་ དབྱིན་དངུལ་ལྔ་དེ་ཅིག་ལས་ མི་སླབ་ནི་མས། ཨིན་རུང་ ཡིག་ཆ་ཅིག་ ལེན་ནི་ཡོད་དེ་ ཁོ་ལུ་བསྒུགས་སྡོད་ཅི། ཉིནམ་དེ་ རྒྱལ་ཁབ་དེ་ནང་སྡོད་ནི་གི་ ཉིམ་མཐའ་མ་ཨིནམ་ལས་ ང་གིས་མཁོ་འདོད་བཀོད་དེ་ཡོད་པའི་ བི་བི་སི་གི་བཀའ་ཁྲིམས་ཀྱིས་གཙོས་པའི་ ཡིག་ཆ་ཚུ་ ཨིན་གཅིག་མིན་གཅིག་ར་ ལེན་དགོ་པས་མནོཝ་བཏང་ཡི། དེ་གིས་འབད་ མེ་འཁོར་གྱི་འབབ་ཚུགས་དེ་ནང་ ཆུ་ཚོད་ཕྱེད་དེ་ཅིག་ བསྒུག་ནི་འབད་ བསྒུགས་སྡོད་སྡོདཔ་ཨིན། ཡིག་ཆ་དེ་ལྷོད་པའི་ཤུལ་ལས་ ངེའི་བལྟ་སྐོར་འདི་མཇུག་བསྡུ་སྟེ་ དགུང་ཡོལ་གྱི་དུས་ཚོད་ནང་ ཆ་རོགས་ཚུ་དང་ཕྱད་ཞིན་ན་ ཁྱིམ་ནང་ ལོག་ནི་སྦེ་ཨིན།

“ཨ་ཙི་སྒུགས་ཤིག། ག་ཅི་འབད་འབདཝ་ཨིན་ན་ ང་ཤེས།” ཟླབ་གཅིག་གི་རྒྱབ་ལས་ ང་གིས་ ངེའི་དབྱིན་ཡུལ་གྱི་ཆ་རོགས་ལུ་ སྲུང་འདི་སླབ་ནི་འབད་བའི་བསྒང་ལས་ ཁོ་གིས་དེ་སྦེ་སླབ་མས། “ཅ་ལག་ཚུ་ ཟུར་ཁར་བཞག་སྦེ་ རྩ་བར་སྡོད་སྡོད་པ་ ཨ་ཙི་གཅིག་ཁ་ལས་ ཁྱེད་ཀྱི་ཅ་ལག་ཚུ་ ག་ཏེ་ཡང་ མེད་པར་ བྱང་ད་ནུག་གོ་ཤིག།”

ཅ་ལག་ཨར་རྐུན་ཤོར་ས་དེ་ མེ་འཁོར་འབབ་ཚུགས་ཀྱི་སྦུག་ལུ་ ཨརཝ་འོང་འོང་འདྲཝ་ར་མེད་པའི་ སུ་ཤི་[2]ཟ་ཁང་གི་ས་གོ་ནང་ཨིན། ས་གོ་དེ་ནང་ གློག་སྒྲོན་སྐྱ་ལྡིང་ལྡིང་བཏེགས་ཏེ་ཡོད་པའི་ཁར་ མི་གི་འུར་འབྱེལ་ཡང་ ཆེནམོ་མ་སྡོད། ང་འདི་ ང་ལུ་གདོང་བསྐོར་འོང་མི་མི་དེ་ ངེའི་མིང་བྲིས་ཏེ་ཡོད་པའི་ཤོག་བྱང་ཅིག་འབག་སྦེ་ བསྒུག་སྡོད་དགོཔ་ཨིན་པའི་ དོ་ར་ཁ་ཐུག་ གདོང་བསྒོར་ཏེ་ རྐང་ཁྲི་ཅིག་གུར་ རྩ་བར་སྡོད་སྦེ་ སྡོད་ཅི། བོད་སྲནམ་ཧོནམ་ སྡེར་མ་ཆུང་ཀུ་གཉིས་ ཟ་བའི་ཤུལ་ལས་ བློ་ཐག་ཆོད་དེ་ ཁྲི་ཁུག་འཐུ་ནི་སྦེ་བལྟ་སོང་པ་ ངེའི་ཁྲི་ཁུག་དེ་ ག་ཏེ་ཡང་མིན་འདུག། ཁྲི་ཁུག་གུ་བཞག་སྟེ་ཡོད་པའི་ ངེའི་ལེབ་ཊོབ་དང་ རྐང་ཁྲི་གི་རྩ་བར་བཞག་ཡོད་པའི་ ངེའི་དྲུད་ཕད་གཉིས་འདི་ དེ་ཁར་རང་འདུག།

དེ་ཚེ་ཉིནམ་ཚུན་ཚོད་ཀྱི་བར་ན་ ང་ཡང་ མི་གཞན་ཚུ་བཟུམ་སྦེ་ར་ ཅ་ལག་ཨར་རྐུན་ཤོརཝ་ཅིག་ སེམས་ཤི་ ཙིགསཔ་ཟ་སྦེ་ འབད་འོང་ཟེར་ མནོ་སྡོད་སྡོདཔ་ཨིན། དེ་འབདཝ་ད་ དེ་སྦེ་མེན་པར་ཞིན་ན་ དང་པ་ར་ ཧམ་ཐལ་ཞིན་ལས་ དེ་ལས་སྦེ་ ག་ཅི་འབད་ཡི་ག་ ཧ་གོཝ་མས། སེམས་ཕམ་ནི་དང་ ཙིགསཔ་ཟ་ནི་འདི་ ཧ་ལམ་གཅིག་ཁ་ལས་རྐྱངམ་གཅིག་འོང་མས།

སུ་ཤི་ཟ་ཁང་གི་འཛིན་སྐྱོང་པ་གིས་ ངེའི་གདོང་མཐོངམ་གཅིག་ ང་ཅ་ལག་ཨར་རྐུན་ཤོར་སོངཔ་ཨིནམ་ ཧ་གོ་ཆི་ནུག། ཁོ་གིས་ དེ་སྦེ་ཧ་གོ་མི་འདི་ སུ་ཤི་ཟ་ཁང་ནང་ ཅ་ལག་ཨར་རྐུན་ཤོར་མི་ མང་ཧོད་རྫོགསཔ་ཅིག་ ཐོན་ནི་འདི་གིས་ཨིན་མས། པེ་ཌིང་ཊོན་ མེ་འཁོར་གྱི་འབབ་ཚུགས་ནང་ལུ་ ཉིམ་རེ་ནང་ ཅ་ལག་ཨར་རྐུན་ཤོར་བའི་སྙན་ཞུ་ བདུན་བདུན་དེ་རེ་ ཐོན་དོ་ཡོདཔ་ཨིན་མས། དེ་འབདཝ་ད་ ཟ་ཁང་དེ་ནང་ལཱ་འབད་མི་ཚུ་གིས་ ཁོང་རའི་ཚོང་མགྲོན་པ་ཚུ་ལུ་ ཉེན་བརྡ་བྱིན་ནི་གི་ མནོ་བསམ་ར་མ་བཏང་པས། ང་གིས་ བདེན་ཁུངས་འདི་ ཟང་མི་ཚུགས།  དེ་འབདཝ་ད་ ངེའི་ཁྲི་ཁུག་འདི་ དྲང་བཞགཔ་གིས་ ང་ལུ་ སུ་ཤི་གི་རྣམ་གྲངས་ཚུ་གི་སྐོར་ལས་ བཤད་དེ་བྱིན་སྡོདཔ་ད་ འབག་སོང་སོངམ་ ཐག་ཆོད་ཨིན།

ལྷག་མི་ཚུ་ལུ་ ང་གིས་ ཧ་ལས་སི་སི་གི་ གནས་ཚུལ་ཅིག་སླབ་ནི་ཡོད། པེ་ཌིང་ཊོན་ལུ་ ཅ་ལག་ཨར་རྐུན་ཤོར་སོང་པ་ཅིན་ དེ་གི་སྐོར་ལས་ འགག་པ་ལུ་ སླབ་མ་སླབ་ར་མིན་འདུག། ང་གིས་ ཨུ་ཚུགས་ནེ་ར་རྐྱབ་མི་ལུ་བརྟེན་ཏེ་ སུ་ཤི་གི་འཛིན་སྐྱོང་པ་གིས་ འགག་པ་ལུ་ བརྒྱུད་འཕྲིན་ ཚར་ལེ་ཤ་རྐྱབ་ཅི། ཨིན་རུང་ འགག་པ་གིས་ འོང་ནི་གི་ཁ་ར་བཟེད་ མ་བཏུབ། མཐའ་མཇུག་ལུ་ པེ་ཌིང་ཊོན་གྱི་མེ་འཁོར་གྱི་འབབ་ཚུགས་ཀྱི་འགག་པ་ལུ་ སྙན་ཞུ་འབད་ཟེར་ སླབ་དེས།

དོ་ར་དང་པ་ལུ་ཡོད་པའི་ འབྲེལ་སྟེགས་སྒོ་ཅུང་ཆུང་ཀུ་ཅིག་ནང་ གཟུགས་རིང་ཐུང་ ཁྲུ་དྲུག་དེ་ཅིག་འབད་ ཁ་ཁར་རྒྱ་བོ་རྒྱ་སྨུག་སྐྱེས་མི་ འགག་པའི་འགོ་དཔོན་ མིག་ཤེལ་ འུག་པའི་མིག་ཏོ་གི་དབྱིབས་ཅན་ མཐའ་སྒྲིལ་རྒྱ་སྨུག་འབད་མི་གྱོན་མི་ཅིག་ སྡོད་ནུག། ཁོ་གིས་ འབྲེལ་སྟེགས་འདི་གི་ ནང་ན་བལྟ་ཁ་བསྒོར་ཞིན་ན་ “ལམ་ཡིག། ཤོག་འཛིན། ཏི་རུ། ཨར་རྐུན་ཤོར་སོ་ཡི།” ཟེར་ཡོད་པའི་ ཤོག་བྱང་ཅིག་བཀང་འབད་ མིང་རྟགས་བཀོད་ཞིན་ན་ འབྲེལ་སྟེགས་འདི་གི་དོང་ནང་ལས་འབད་ ང་བསྒྱིམས་ སྤྲོད་དེས། ང་གིས་ དེ་ལས་ག་ཅི་འབད་དགོཔ་ཨིན་ན་དྲིཝ་ད་ ཁོ་རྣམ་རྟོག་ལངས་ཆི་ནུག། “དངུལ་ཚབ་ཤོག་བྱང་ བྱང་སྟོར་ཤོར་ཡོད་པ་ཅིན་ ཨ་ནི་ཤོག་ཀུ་འདི་འབག་སྦེ་ དངུལ་ཁང་ནང་སོང་ཞིན་ན་ ག་ཅི་ར་འབད་དགོཔ་ཡོད་རུང་འབད་ད།” ང་གིས་ ཨར་རྐུན་པ་ལུ་ ཁོ་གིས་ ག་ཅི་འབད་འོང་ག་གི་སྐོར་ལས་དྲིཝ་ད་ ཁོ་ཧེང་བཀལ་ར་ རྣམ་རྟོག་ལངས་ཆི་ཡི། “ཁྱེད་ཀྱིས་འབདན་ ག་ཅི་འབད་དགོཔ་སྨོ།” ང་གིས་ ལན་ག་ཅི་ཡང་ སླབ་མ་ཚུགས། ང་བཅས་ཀྱིས་ ཅ་ལག་ཨར་རྐུན་ཤོར་བའི་སྐབས་ འགག་པ་གིས་ ག་ཅི་འབད་ནི་གི་རེ་བ་བསྐྱེདཔ་སྨོ?

དགུང་ཡོལ་གྱི་དུས་ཚོད་ ཨ་ཙི་སྡོད་ཅི། ང་ སུ་ཤི་ཟ་ཁང་ནང་ ཟ་ཁང་གི་འཛིན་སྐྱོང་པ་འབད་སར་བཞག་ཡོད་པའི་ ངེའི་དྲུད་ཕད་ ལེན་པར་སོང་ཡི། ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ངེའི་ཁྲི་ཁུག་གི་སྦོ་ལོགས་ཁར་སྡོད་མི་ བཟའ་ཚང་གཅིག་གིས་ ངེའི་ཁྲི་ཁུག་ཨརཝ་རྐྱབ་ས་ ཧིང་སངས་ས་ར་ མཐོང་ནུག་ཟེར་ཨིན་མས། ཁོང་གིས་ ངེའི་ཅ་ལག་ཨརཝ་རྐྱབ་ས་མཐོངམ་ད་ ཁུ་སིམས་སི་འབད་ བལྟ་སྡོད་ནུག། མི་དེ་གིས་ འགག་པ་ལུ་ ཨར་རྐུན་པའི་སྐོར་ལས་ བརྡ་དོན་རེ་དགོ་པ་ཅིན་ ཁོ་གིས་འགྲེལ་བཤད་རྐྱབ་བྱིན་གེ་ཟེར་སླབ་འབད་ ཁོ་གི་མིང་དང་ བརྒྱུད་འཕྲིན་ཨང་གྲངས་ཚུ་ འཛིན་སྐྱོང་པ་ལུ་ སྤྲོད་བཞག་ནུག། དེ་འབདཝ་ད་ འགག་པ་ལུ་ དེ་ཚུ་ དགོཔ་ར་མིན་འདུག།

ང་གིས་ བརྒྱུད་འཕྲིན་ཨང་གྲངས་འདི་འབག་སྦེ་ འགག་པའི་སྒོ་ཅུང་རྩ་བར་སོང་ཡི། གཟུགས་རིང་ཐུང་ཧེ་མ་གི་དང་འདྲན་འདྲ་མཚམས་འབད་ཞིན་ན་ གཟུགས་སྟོབས་ཧེ་མ་བས་སྦོམ་སུ་དང་ སྐྱ་གནགཔོ་ཨོ་རོ་འབད་ ཁ་གི་རྒྱ་བོ་ཧིང་སངས་ས་ཀྲེག་སྟེ་ཡོད་མི་ འགག་པའི་འགོ་དཔོན་སོ་སོ་ཅིག་གིས་ ཧེ་མའི་འགག་པའི་འགོ་དཔོན་འདི་ ཁྱིམ་ནང་ཡར་སོ་ཡི་ཟེར་སླབ་དེས། ང་གིས་ ངེའི་གནས་སྟངས་ཀྱི་སྐོར་ལས་ བཤད་བྱིན་ཞིན་ན་ མིག་གིས་མཐོང་མི་གི་བརྒྱུད་འཕྲིན་ཨང་གྲངས་བྲིས་ཏེ་ཡོད་པའི་ཤོག་ཀུ་འདི་ འབྲེལ་སྟེགས་ཀྱི་སྒོ་ཅུང་ནང་ལས་ཕར་བཙུགས་བཏང་སྦེ་ འདི་གིས་ཕན་ཅིག་ཐོགས་ནི་གི་རེ་བ་བསྐྱེད་སྡོད་ཅི། འགག་པའི་འགོ་དཔོན་འདི་ཡང་ ཧེ་མའི་འགག་པ་བཟུམ་འབད་ར་ ཁོ་གིས་ཆ་རོགས་འབད་ནི་གི་རེ་བ་བསྐྱེད་མི་ལུ་བལྟ་སྟེ་ རྣམ་རྟོག་ལངས་ཆི་ནུག། “ནཱ་བལྟ་ཤིག།” ཁོ་གིས་དེ་སྦེ་སླབ་དེས། “ག་དེམ་ཅིག་སྦེ་ ཁྱེད་ཀྱི་ཁྲི་ཁུག་ ང་བཅས་འབད་སར་ སྤྲོད་པར་འོང་མི་རེ་ཐོན་པ་ཅིན་ ང་བཅས་ཀྱིས་ ཁྱེད་ལུ་ བརྒྱུད་འཕྲིན་གཏང་འོང་།” དེ་སྦེ་སླབ་སྦེ་ མིག་གིས་མཐོང་མི་གི་བརྒྱུད་འཕྲིན་ཨང་གྲངས་བྲིས་ཏེ་ཡོད་པའི་ཤོག་ཀུ་འདི་ ལོག་སྤྲོད་དེས།

ཆུ་ཚོད་ཕྱེད་ཀ་དེ་ཅིག་ མེ་འཁོར་གྱི་འབབ་ཚུགས་ནང་ ཡར་འགྱོ་མར་འགྱོ་འབད་ སྡོད་པའི་ཤུལ་ལུ་ ད་རུང་ འགག་པའི་སྒོ་ཅུང་རྩ་བར་ ལོག་སོང་བལྟ་ཡི། ཕི་ནང་ལུ་ འགག་པའི་འགོ་དཔོན་ད་རུང་སོ་སོ་ཅིག་ ལྷོད་ནུག། འགག་པའི་འགོ་དཔོན་འདི་ གཟུགས་རིང་ཐུང་ ཁྲུ་ལྔ་དང་སོར་བཅུ་ཐམ་དེ་ཅིག་འབད་ ཕོཝ་ཆང་སྦི་རག་གི་རྒྱ་རྫི་ཀུ་ཏོ་བཟུམ་ སྐེ་རགས་ཀྱི་ལྟག་ལས་མར་ དཔྱངས་སྦེ་སྡོད་ནུག། ཧེ་མའི་འགོ་དཔོན་གཉིས་བ་ཡང་ ཤ་གནགཔོ་འབད་ཞིན་ན་ བློ་ཡང་ ག་ཏེ་གི་སྒྲ་གདངས་ཨིན་ན་མ་ཤེསཔ་ཅིག་ བཙུགས་ཏེ་ སླབ་ནི་འདུག། ང་གིས་ངེའི་གནས་སྟངས་ཀྱི་སྐོར་ལས་ ད་རུང་ལོག་སླབ་ཅི། “འགག་པ་གིས་ ཅ་ལག་ཨར་རྐུན་ཤོར་མི་ལུ་ ག་ཅི་འབད་ ཆ་རོགས་མ་འབདཝ་ཨིན་ན་ ང་ རྩ་ལས་ཧ་གོ་མ་ཚུགས། འཛོམས་དཔང་གིས་ འཛོམས་དཔང་འབད་གེ་སླབ་རུང་ ཁྱེད་འགག་པ་ཚུ་གིས་ རྣམ་ཅོག་ར་ཉན་ མི་བཏུབ་པས།”

དེ་སྦེ་སླབ་ད་ ཁོ་གི་ལན་ལུ་བལྟ་སྟེ་ ང་ གནམ་མེད་ས་མེད་ ཧ་ལས་ཆི་ཡི། “ནཱ་ཉན་ཤིག་ཆ་རོགས། ང་བཅས་འཛོམས་དཔང་དང་གཅིག་ཁར་ ཁ་སླབ་དགོཔ་ར་མེད། མེ་འཁོར་གྱི་འབབ་ཚུགས་ཀྱི་ས་གནས་ ཐདམ་ཐད་ཁ་ལས་ཕར་ པར་ཆས་བཙུགས་ཏེ་ཡོད། སུ་ཤི་གི་ཟ་ཁང་འདི་གི་ལྟག་ལུ་ཡང་ པར་ཆས་ཅིག་ཡོད། ཨར་རྐུན་འབད་མི་ཆ་མཉམ་ར་ གློག་བརྙན་ནང་ཚུད་དེ་ཡོད།” ང་ བློ་ར་ བདེ་ཏོག་ཏོ་ ཡར་སོ་ཡི། “དེ་འབད་བ་ཅིན་ ཨརཝ་དེ་ ནམ་གཟུང་ནི་ཨིན་ན་སྨོ?” ང་ འགྱོ་རན་པར་ དུས་ཚོད་ཨ་ཙི་ཡོདཔ་ལས་ ཏི་རུ་དང་ ཡིག་ཆ་ དེ་ལས་ཁ་བྱང་ཚུ་འདི་མ་ཐོབ་རུང་ ངེའི་ལམ་ཡིག་དང་ ཤོག་འཛིན་ ཡིག་དུང་ཚུ་ ལོག་འཐོབ་པ་ཅིན་བཏུབ་ནི་མས་ མནོ་ཡི།

“ང་བཅས་ཀྱིས་ གཟུང་མི་ཚུགས།” ཁོ་གིས་དེ་སྦེ་སླབ་དེས། “ང་བཅས་ལུ་ འ་ནི་པར་ཆས་ཚུ་བལྟ་ནི་གི་དབང་ཆ་མེད། འ་ནི་པར་ཆས་ཚུ་ འགག་སྡེའི་ཡན་ལག་ སོ་སོ་ཅིག་གིས་བལྟ་རྟོག་འབདཝ་ཨིན།” ང་ མགྲོན་ཁང་ནང་བསྐྱལ་བར་འགྱོ་མི་ གླ་འཁོར་དེད་གཡོགཔ་གིས་སླབ་དོ་བཟུམ་འབད་བ་ཅིན་ པེ་ཌིང་ཊོན་ འབབ་ཚུགས་ནང་ མི་ཚུ་གིས་ འགག་པ་ལས་ རྒྱབ་སྐྱོར་གྱི་རེ་བ་བསྐྱེད་ནི་མེད་ཟེར་ཨིན་མས། འདི་གི་རྒྱུ་མཚན་འདི་ མེ་འཁོར་ལམ་གྱི་འགག་པ་ཚུ་ འགག་པའི་གོ་གནས་ཀྱི་རིམ་པ་ནང་ལས་ དམའ་ཤོས་ལས་དམའ་ཤོས་ཨིནམ་ད་ དེ་གིས་སྦེ་སེམས་གཙིགས་སྡོད་མི་འདི་ མི་མང་ལུ་སྟོན་དོ་ཡོདཔ་ཨིན་མས།

འགག་པའི་འགོ་དཔོན་དེ་གིས་ པེ་ཌིང་ཊོན་ལུ་ ང་བས་ལྷག་པའི་སྡུག་བསྔལ་མྱོང་མི་ཡོད་པའི་གནས་ཚུལ་ཚུ་སླབ་སྟེ་ ང་ལུ་སེམས་གསོ་འབད་ནི་འགོ་བཙུགས་ཅི། ཉིམ་གཅིག་གི་ཧེ་མ་ ཨོསི་ཀྲུ་ལི་ཡཔ་ཅིག་གིས་ ཁོ་གི་དོན་ཧིང་གི་སྨན་བཅོས་ཀྱི་ཡིག་ཆ་གལ་ཅན་ཡོད་པའི་ ཁྲི་ཁུག་ཨར་རྐུན་ཤོར་ཡོདཔ་ད་ དབྱིན་ཇི་ཁྲིམས་རྩོད་པ་ཅིག་གིས་ ལོ་བཞི་གི་རིང་ལཱ་འབདབའི་ དབྱིན་དངུལ་ས་ཡ་བདུན་གྱི་རྩོད་རྙོགས་ཀྱི་ཡིག་ཆ་ཚུ་ཡོད་མི་ ལེབ་ཊོབ་ཅིག་ཨར་རྐུན་ཤོར་ཡོདཔ་ཨིན་མས། འགག་པའི་འགོ་དཔོན་ཚུ་གིས་ ཁོང་གཉིས་ལུ་ཡང་ ཆ་རོགས་མ་འབད་བའི་ལོ་རྒྱུས་དེ་ལས་ ང་ལུ་ སེམས་གསོ་ཅིག་ ག་ནི་ཡང་འཐོབ་མ་ཚུགས།

མར་ཕི་གི་གྲུབ་མཐའི་སྲོལ་བྱེད་ མར་ཕི་གིས་སླབ་མི་དེ་ བདེན་ར་བདེན་པས། རྒུད་པའི་ཉིན་མར་ རྒུད་ནི་ཡོད་ཚད་ཅིགཔོ་ཆ་མཉམ་ར་ རྒུད་དོ་འོང་ནི་མས། ངེའི་བདུན་ཕྲག་གཅིག་གི་འགྲོ་འགྲུལ་འདི་ནང་ ག་ཏེ་འགྱོ་རུང་ སྣ་ཁྱིདཔ་ཅིག་གིས་ ཁྱིདཔ་ཁྱིད་ས་སོང་ཡོདཔ་ལས་ སྣ་ཁྱིདཔ་གིས་ལེན་པར་མ་ལྷོདཔ་ཟེར་རུང་ དེ་ཚེ་ཉིམ་གཅིག་ར་ཨིན་ས་ དེ་ཚེ་ར་ ཀྲིག་ཀྲི་ ཅ་ལག་ཨར་རྐུན་ཤོར་སོ་ཡི། ཉིམ་དེ་ གཟའ་སྤེནམ་གི་ཚེ་ཨིནམ་ལས་ གནམ་གྲུའི་ཡིག་ཚང་ཚུ་ཡང་ ཉིམ་གཉིས་ཀྱི་དོན་ལུ་ སྒོ་བསྡམས་ཆི་ནུག། ང་གིས་ བརྡ་དོན་ལྟེ་བ་[3]གི་སྐོར་ལས་ འགོ་དང་པ་དེ་བསྒང་ཧ་གོ་ཡི། ངེའི་གནམ་གྲུ་ཤོག་འཛིན་གྱི་སྐོར་ལས་ཞིབ་དཔྱད་རྐྱབ་ནིའི་དོན་ལུ་ ལྟེ་བ་དེ་ནང་ བརྒྱུད་འཕྲིན་ཚར་རེ་རྐྱབ་ད་ར་ མ་ན་ལི་དང་ མུམ་བ་ཡེ་ ལྡི་ལི་ཚུ་ནང་ལས་ མི་སོ་སོ་ སོ་སོ་དང་གཅིག་ཁར་ཁ་སླབ་དགོ་པས། དེ་ལས་ ང་གིས་ རྒྱ་གར་ཀ་ལིང་ཀ་ལུ་ཡོད་པའི་ གསེར་གླིང་གི་ཡིག་ཚང་ནང་ བརྒྱུད་འཕྲིན་བཏང་སྦེ་ ལོན་ཌོན་ལུ་ ཤོག་འཛིན་ཅིག་ སྤྲོད་དགོཔ་སྦེ་ སླབ་ཅི།

ཐབས་ཤེས་ཡོད་ཚད་བཏོན་པའི་མཐའ་མཇུག་ལུ་ ངེའི་ལམ་ཡིག་འདི་ བསྐྱལ་ཚུགས་ཅི་ས་ ད་རུང་ ཌི་ཨེཆ་ཨེལ་གྱིས་ ཕྱི་འགྱུར་ཁར་ བསྐྱལ་ད་ནུག། ག་དེམ་ཅིག་སྦེ་ ཚོང་མགྲོན་པ་ཅིག་ལུ་ ཌི་ཨེཆ་ཨེལ་གྱི་སྐོར་ལས་ ཉོགས་བཤད་བཀོད་དགོཔ་ཡོདཔ་ཅིན་ ཉོགས་བཤད་བཀོད་ས་ ཌི་ཨེཆ་ཨེལ་རྐྱངམ་གཅིག་ར་ཨིན་མི་འདི་ ཌི་ཨེཆ་ཨེལ་གྱི་ སྲིད་བྱུས་ལེགས་ཤོམ་ཅིག་ཨིན་མས། ཉིམ་དག་པ་ཅིག་གི་རྒྱབ་ལས་ ལམ་ཡིག་འཚོལཝ་ཨིན་ཟེར་ རྒྱ་གར་དང་ ཕི་ལི་པིན་སི་གི་བརྡ་དོན་ལྟེ་བ་ཚུ་ནང་ མི་མང་ཧོད་རྫོགསཔ་དང་གཅིག་ཁར་ ཁ་སླབ་དགོཔ་ཐོནམ་མ་ཚད་ སྒྲ་བཟུང་འབད་བཞག་ཡོད་པའི་ཁ་འཐེན་ཚུ་  ཆུ་ཚོད་ལས་བཅད་དེ་ ཉན་དགོཔ་ཐོན་ཡི། ཡོངས་འབྲེལ་འདི་ ཧ་ལས་སི་སི་ཨིན་མས། ཡོངས་འབྲེལ་འདི་གིས་ འཛམ་གླིང་ནང་གི་མི་ག་ར་ ཐུན་མོང་གི་དོ་ར་གུ་ འཛོམས་བཅུག་ནུག། ང་བཅས་ཀྱིས་ བློ་ལེ་ཤ་སླབ་དོ་ཡོད་རུང་ དོན་དག་ཡོད་པའི་བློ་འདི་ ཉུང་སུ་ཅིག་ལས་མི་སླབ་དོ་ཡོདཔ་ཨིནམ་  ང་གིས་ དེ་བསྒང་ རྐྱངམ་གཅིག་ཧ་གོ་ཡི། འ་ནི་བཟུམ་གྱི་གནས་སྟངས་ཚུ་གིས་ སེམས་ཁར་ གཙིགས་མུ་ལང་བཅུགཔ་མས།

ང་བཅས་ར་ ཨར་རྐུན་ཤོར་བའི་སྐབས་ལུ་ བསླབ་བྱ་བྱིན་མི་ ཚད་མེདཔ་ཅིག་འདུག། “དྲནམ་བཏོན་དགོ་པ་སྟེ་དབའི།” འ་ནེ་སྦེ་བསླབ་བྱ་བྱིན་མི་ མི་མང་རབས་ཅིག་ཐོན་ཡི། ལ་ལུ་ཅིག་གིས་ ང་ ཁོང་གི་ཡིད་ཆེས་དང་དད་པ་ལུ་བཙུགས་ནི་གི་ རྩིས་ཡང་ ལོག་ཅི་ར་རྐྱབ་ཅི། “མི་མང་ཧོད་རྫོགསཔ་ཅིག་གི་སྦུག་ལས་ ཁྱོད་ཀྱི་ཅ་ལག་ར་ ག་ཅི་སྦེ་ ཨར་རྐུན་ཤོར་དགོཔ་སྨོ། ” དེ་ཚུ་གི་གྲལ་ལས་ དབྱིན་ཇི་ཨམ་ཅིག་གིས་ པེ་ཌིང་ཊོན་གྱི་འགག་པ་ཚུ་གི་བསམ་སྤྱོད་ཀྱི་སྐོར་ལས་ མོ་རའི་བསམ་འཆར་བཤད་མི་འདི་གིས་ ངེའི་སེམས་ཁར་ བུང་ལྷོད་ཆི་ཆི་འོང་ཡི། “ལྟས་ངན། བཞག་འཐུས་ཀྱི་ཤོག་འཛིན་བྱིན་མི་འབད་བ་ཅིན་ གྱངས་ཁ་མ་ཆོདཔ་ཅིག་བཞག། ཅ་ལག་ཨར་རྐུན་ཤོར་མི་ལུ་ ཆ་རོགས་འབད་མི་ ཕུད་རྡོག་གཅིག་ཡང་ མིན་འདུག་སྨོ།”

ཆ་རོགས་གཞན་མི་ཅིག་འདི་ ཁོང་ལུ་བལྟ་སྟེ་ ཡིད་ཐང་ར་ ཆད་སོ་ནུག། “ཁོང་ཆ་ཁྱབ་ ང་བཅས་ཅ་ལག་ཨར་རྐུན་ཤོར་ས་ལུ་ ལྟདམོ་བལྟ་སྟེ་ སྤྲོ་བ་འབྱུང་སྡོད་དོ་འོང་ནི་མས་ སྨོ་ཤིག།” མོ་གིས་ དེ་སྦེ་སླབ་དེས། “ཐ་དམ་ཚིག་མེད་པའི་མི་དེ་ཚུ་གིས་ ཁོང་ཆ་ཁྱབ་ ཁོང་ར་ནང་དོག་ ཁྱོད་འཕྲོག་བཅོམ་འབད་ཚུགས་ཚུགས་ལུ་ ག་དེམ་ཅིག་འགོར་འོང་ག་གི་སྐོར་ལས་ རྒྱལ་སྤུངས་སྡོད་སྡོདཔ་འོང་།”

ང་གིས་ མཐོང་ཐོས་བྱུང་བའི་ཉམས་མྱོང་དེ་ཚུ་ལུ་བརྟེན་ཏེ་ བལྟཝ་ད་ ད་རེས་ནངས་པའི་དུས་ལུ་ འགག་པ་གིས་བལྟ་རྟོག་འབད་དགོ་པའི་ དྲག་སྤྱོད་པ་ཡང་ལེ་ཤ་ཡོདཔ་ལས་ དབྱིན་ཡུལ་གྱི་འགག་སྡེ་ནང་ མི་སྟོབས་ལངམ་སྦེ་ མེདཔ་འོང་ནི་མས།  ང་ འཕྲོག་བཅོམ་འབདཝ་ད་ བཟའ་ཚང་ཅིག་གིས་ ལྟདམོ་བལྟ་སྡོད་མི་ལུ་བལྟ་བ་ཅིན་ དབྱིན་ཡུལ་གྱི་འགག་པ་གིས་ དབྱིན་ཡུལ་གྱི་མི་སེར་ཚུ་ལུ་ ཁྲིམས་འགལ་གྱི་ལཱ་འབད་སར་མཐོངམ་ད་ བར་འཛུལ་འབད་བ་ཅིན་ ཁོང་ལུ་གནོདཔ་བཀལ་ནིའི་ཉེན་ཁ་ཡོདཔ་ལས་ བར་འཛུལ་འབད་ནི་མི་འོང་ཟེར་ བསླབ་བྱ་བྱིན་ཏེ་ཡོདཔ་ཨིན་མས།

དེ་འབདཝ་ད་ འགག་པ་ཆ་མཉམ་གྱིས་ དཀའ་ངལ་ནང་ཚུད་མི་ འགྲུལ་པ་ཁོ་རང་རྐྱངམ་གཅིག་ སྡུག་བསྔལ་མྱོང་བཅུག་སྟེ་ ཁོང་ར་ དྲག་སྤྱོད་པ་ལུ་བསྒུགས་སྡོད་མི་དེ་ ང་གིས་རྩ་ལས་ར་ ངོས་ལེན་འབད་མི་ཚུགས་པས། འཕྲོག་བཅོམ་འབད་མི་གི་པར་ཆ་མཉམ་ར་ འགག་པའི་གློག་བརྙན་ནང་བཞག་ འགག་པ་གིས་ ཨར་རྐུན་ཚུ་ཡང་ངོ་ཤེས་བཞིན་དུ་ ཉམས་རྒུད་པ་ལུ་ཆ་རོགས་མ་འབད་མི་དེ་ ང་གིས་འབདན་ ཐག་ཆོད་རྦད་ཆོད་ར་ འཛོལ་བ་ཨིན་ཟེར་མནོཝ་མས། དེ་མ་ཚད་ མི་མང་གིས་ཡང་ འཕྲོག་བཅོམ་འབད་ས་མཐོང་པའི་སྐབས་ལུ་ བར་འཛུལ་འབད་ནི་ཕར་ར་བཞག་ མཐའ་ན་ཉམས་རྒུད་པ་ལུ་ ཉེན་བརྡ་སྦྱིན་ནི་གི་རྩིས་ཅིག་ར་མ་རྐྱབ་མི་དེ་ཡང་ འཛོལ་བ་ཨིན་མས།

ང་མནོ་བསམ་རྒྱ་ཆེ་ས་ལས་བཏང་དགོཔ་ཐོན་སོ་ཡི། ད་རེས་ནངས་པར་ ཡར་རྒྱས་མ་འགྱོ་བའི་འབྲུག་རྒྱལ་ཁབ་ནང་ལུ་ ང་གིས་ངེའི་ཁྲི་ཁུག་ ཟ་ཁང་ནང་བཀོ་བཞག་རུང་ ཨརཝ་མ་ཤོར་མི་དེ་ལུ་ ངེའི་སེམས་ཁར་ དཔའ་ཉམས་སྦོམ་ར་བྱུང་ཡི། ཕྱི་གླིངཔ་བལྟ་བཤལཔ་ཚུ་གིས་ པར་ཆས་དང་ཅ་ལག་ཚུ་ རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ར་ལུས་སོ་རུང་ ལོག་འཐོབ་དོ་ཡོདཔ་ ཡོངས་གྲགས་ཨིན། དེ་འབདཝ་ད་ ཡར་རྒྱས་ཐལ་ཚར་བའི་མི་ཚུ་གི་སྡོད་ས་ཨིན་མི་ རྒྱལ་ས་ལུ་འབདན་ མི་འཐོབ་དོ་འོང་ག་ཡང་ མི་ཤེས།

སྟེ་ འདི་ ཡར་རྒྱས་ཀྱི་གྲུབ་འབྲས་སྦེ་ ཆ་བཞག་ནི་ཨིན་ན།

སྲུང་ག་ར་ལུ་མཇུག་ཡོད། ངེའི་སྲུང་འདི་ ང་ར་ལོག་ལྷོད་པའི་ཤུལ་ལས་ ངེའི་ཨའི་གི་ཆ་རོགས་ སྐྱེས་ལོ་༩༠་ལང་མི་ ཨ་ནེམོ་དང་ཕྱདཔ་ད་ མཇུག་བསྡུ་ཡི། ང་ གནམ་ལོ་བྱ་ལོ་ལུ་སྐྱེས་ཡོདཔ་བཞིན་དུ་ ལོ་དེ་ཡང་བྱ་ལོ་ཨིནམ་ལས་ འབྲུག་པའི་ཡིད་ཆེས་དང་འཁྲིལཝ་ད་ ང་ཆག་ལུ་ལྷོད་སྡོད་སྡོདཔ་ཨིན་མས། འབྲུག་མི་ཚུ་གིས་ རང་གི་གནམ་ལོ་ཤརཝ་ད་ བར་ཆད་བསལ་ནིའི་དོན་ལུ་ དམིགས་བསལ་གྱི་རིམ་གྲོ་འབད་དོ་ཡོད་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཏེ་ཨིན་མས།

“ཁྱོད་ཁ་རྗེ་འབར་ནུག།”ངེའི་སྲུང་འདི་གོཝ་ད་ མོ་གིས་དེ་སྦེ་སླབ་དེས། “ཁྱེད་ཀྱི་བར་ཆད་དེ་ ཨརཝ་བརྐུ་འབག་ཆིཝ་མས། ཁྱོད་ར་ལུ་ནི་ གནོད་མ་བཀལ་བས། ཁྱེད་ཀྱི་ བར་ཆད་ག་ར་ ཁྲི་ཁུག་དེ་དང་ཆ་ ཨརཝ་བརྐུ་འབག་ཆིཝ་མས།”

བློ་དེ་གོཝ་ཅིག་ སེམས་ར་ཡངས་འཕྲོད་འཕྲོད་ཡར་སོ་ཡི།


སྲུང་དེ་ རྫོང་ཁའི་བརྩམས་སྲུང་བྲི་ཐང་སློབ་སྟོན་འབད་བའི་སྐབས་ལུ་ དཔེ་ཚད་ཀྱི་དོན་ལུ་སྦེ་ དྲག་ཤོས་ཀུན་ལེགས་རྡོ་རྗེ་གིས་བྲིས་ཡོད་པའི་སྲུང་ when fortune smiles ཟེར་མི་འདི་ལས་ སྐད་སྒྱུར་རྐྱབ་སྟེ་ བྲིས་བྲིཝ་ཨིན།

[1] དབྱིན་ཡུལ་གྱི་རྒྱལ་སའི་མིང་།



[2] ཉི་ཧོང་གི་བཞེས་གོ་གི་མིང་།



[3] Call center