Monthly Archives: August 2015

དྲག་ཤོས་བསྐོར་ལའི་བླ་མའི་གསུང་རྩོམ་མ་བཅོས་སེམས་ཀྱི་རི་མོར་འཆར་བའི་སྨོན་མཐའི་བློ་གསལ།

ཡོངས་ཁུངས། བསྐོར་ལའི་བླ་མ། <<འབྲུག་བློ་གསལ།>> ཐོན་རིམ་༡་པའི་༣་པ།  (༡༩༧༩) ཀུན་སྤེལ་ལས་ཁུངས།

ཤར་ཕི་ལས་ཤར་བའི་ཁྲི་གདུགས་འདི། །ནུབ་པདྨའི་གླིང་ལུ་གཡོ་མཆིས་ཡི། །ཁོ་ནུབ་ལུ་མི་གཡོ་ཐབས་མེད་ཨིན། །ལྷོ་འཛམ་གླིང་དྲོད་ཉམས་སྐྱོང་ཚར་ནུ། །གངས་ཡི་ལས་བབས་པའི་གཙང་ཆབ་འདི། །རྒྱ་ཐོད་དཀར་གཡུལ་ལུ་ཐལ་ཚར་དོ། །ཁོ་རྒྱ་ལུ་མི་ཐལ་ཐབས་མེད་ཨིན། །འབྲུག་རྒྱལ་ཁབ་ཡོན་ཆབ་ཕུལ་ཚར་ནུ། །ཆུང་མཉམ་ལུ་འགྲོགས་པའི་ལྟོ་ཚང་གི། །ང་རང་གཡུལ་ཕྱོགས་ལུ་འགྲོ་ཉམས་ཡོད། །སྤྲང་རང་ཡུལ་མི་འགྲོ་ཐབས་མེད་ཨིན། །གོང་དབང་ཆེན་དཔོན་གྱི་གསེར་ཁྲི་དང་། །སྤྲང་ལས་དབང་ཅན་གྱི་མི་ཚེ་གཉིས། །དུས་བྱར་དགུན་མེད་པར་མཉམ་དུ་འགྲོགས། །དུས་ད་ལྟོ་ཚུན་ཚོད་གསོལ་རས་ཞུ། །འདི་མ་ཚད་ཐུགས་བརྩེ་གསོལ་རས་ཀྱིས། །ཡིད་ཚིམ་དུ་བཅུག་པའི་སྐུ་དྲིན་དེ། །ཚེ་ལོག་བལྟབ་རྐྱབ་རུང་དྲིན་མ་འབྱོར། །ས་རྒྱལ་ས་བཀྲ་ཤིས་ཆོས་རྫོང་ལུ། །ཟས་ཞིམ་པའི་ཤ་དང་མར་ཡང་ཡོད། །ཉམས་དགའ་བའི་གླུ་གར་གཞས་ཡང་ཡོད། །དུས་ད་རེས་དགའ་བས་ནངས་པར་སྐྱིད། །དཔོན་མི་ཡི་དབང་པོ་ཕ་བས་བྱམས། །ཁོང་བློན་པོའི་ཚོགས་ཀྱིས་མ་བས་བརྩི། །དཔོན་མཉམ་རོགས་ཚུ་ནི་སྤུན་བས་འཆམས། །རང་ལོ་བརྒྱ་ཐུབ་རུང་དགའ་བས་པ། །བཀྲ་མ་ཤིས་པའི་འཆི་བདག་བདུད་པོ་འཆི་བདག་གིས། །ལུས་མདའ་དེ་འཕྲང་པ་གཞུ་དེ་བཀུག །གདོང་ལྷ་དེ་ཡོད་མི་འདྲེ་དེ་བསྒྱུར། །སྐྲ་རྫ་དེ་གནག་པ་དུང་དེ་དཀར། །ནང་སེམས་དང་རིག་པའི་རི་མོ་ཉམས། །རང་སྡོད་དགོ་མནོ་རུང་སྡོད་མ་སྟེར། །ད་བཞུགས་ཅིག་བཞུགས་ཅིག་ལྟོ་ཚང་གིས། །གནས་དབེན་པའི་རི་ལུ་བལྟ་ཉུལ་གེ། །རྒྱབ་ཚེ་དཔག་མེད་ལུ་འཚོལ་ཉུལ་གེ། །ཚེའི་ལྷག་མཇུག་ལོ་ངོ་གཉིས་གསུམ་ཅིག། །གཟུགས་འབྱེམ་ཐག་ནང་ལུ་སྤུར་ཉམས་ཡོད། །ཁ་ཨོམ་སངས་མ་ཎི་བགྱང་ཉམས་ཡོད། །ང་འགྱོ་བའི་མི་རྒན་ཉམས་ཆུང་ལུ། །ལྟོ་གོས་ཀྱི་སྐྱིད་སྡུག་སྲིད་མ་བཅུག། །ཁྱེད་བཞུགས་མི་བསོད་ནམས་ཡར་རྒྱས་ཚུ། །སྐུ་ཚེ་ལུ་བར་ཆད་ཞུགས་མ་བཅུག། །འབྲུག་རྒྱལ་ཁབ་མངའ་ཐང་རྒྱས་བཅུག་ཅིག། །ཆོས་སངས་རྒྱས་བསྟན་པ་འཕེལ་བཅུག་ཅིག། །དུས་ད་རིས་ལན་གཅིག་འཛོམས་མི་འདི། །ཚེ་སྔོན་གྱི་སྨོན་ལམ་མཐུ་ལས་ཨིན། །ད་ད་རུང་མཇལ་བའི་སྨོན་ལམ་ཅིག། །ངེད་མཚམས་ཁང་ནང་ལས་བཏབ་ཉུལ་གེ། །

Advertisements