Author Archives: རིག་གཞུང་།

ཚོགསཀྱི་རྣམ་བཤད། 

རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་འདྲ་རིས།

ལགས་ འོ་ན་ད་ལམ་གྱི་སྐབས་འདི་ཉིད་དུ་ཟབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བགྱིས་པ་ནི་བསོད་ནམས་དང་ངོ་མཚར་གྱི་མཆོག་ཏུ་གྱུར་པ་ལགས་ཤིང། དེ་ལ་ཚོགས་ཀྱི་ངོ་བོ། ངེས་ཚིག དབྱེ་བ་ཇི་ལྟར་བགྱི་བའི་ཐབས། བགྱིས་པའི་ཕན་ཡོན་དང་བཅས་པའི་རིམ་པ་ལས། དང་པོ་ངོ་བོ་ནི། ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བ་དང། ལྷ་དང་བླ་མ་མཆེད་ལྕམ་རྣམས་ཀྱི་དགྱེས་པ་སྐོང་བར་བྱེད་པའི་རྫས་ཀྱི་རྣམ་གྲངས་སོ།། ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་དུ་ག་ཎ་ཞེས་བྱ་བ་དེ་ཉིད་བོད་ཀྱི་སྐད་དུ་ཚོགས་ཞེས་བྱ་སྟེ། ཐབས་ཤེས་ཀྱི་རྫས་སུ་གྱུར་པའི་འདོད་ཡོན་བཟའ་བཏུང་གི་རྣམ་གྲངས་མང་པོ་ཚོགས་པར་བཤམས་པས་ན་ཚོགས་ཞེས་བྱའོ།། དབྱེ་བ་ནི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལས། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞིའི་ཚོགས་སྣོད་དུ་གླིང་བཞི་རི་རབ་རོལ་མཚོ་དང་བཅས་པ་ཚོགས་ཀྱི་ཡོ་བྱད་དུ་རང་བཞིན་གྱིས་བཀོད་ཅིང། བཅུད་ཀྱི་སེམས་ཅན་སྐྱེ་འགྲོ་མཐའ་དག་ཚོགས་ཀྱི་རྒྱན་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ནི་སྣང་སྲིད་རང་བྱུང་ཕྱིའི་ཚོགས་མཆོད་རྨད་དུ་བྱུང་བ་དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་ཚོགས་ལ་རང་བྱུང་རང་བབས་ཆེན་པོར་འབུལ་བ་ནི་ཕྱིའི་ཚོགས། ནང་ལྟར་ན། ཐབས་ཀྱི་རྫས་བཟའ་བའི་རིགས་གྱུར་ཐམས་ཅན་དང། ཤེས་རབ་ཀྱི་རྫས་བཏུང་བའི་རིགས་གྱུར་ཐམས་ཅད་དང། གཉིས་མེད་ཀྱི་རྫས་བཅའ་བའི་རིགས་གྱུར་ལ་སོགས་པ་མདོར་ན་འདོད་ཡོན་གྱི་ལོངས་སྤྱོད་ཅི་འབྱོར་ཐམས་ཅད་མཆོད་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ནི་ནང་གི་ཚོགས། གསང་བ་ལྟར་ན། རང་ལུས་པགས་པའི་ཚོགས་སྣོད་དུ་ཤ་ཁྲག་དབང་པོ་དོན་སྙིང་དང་བཅས་པའི་ཕུང་པོ་འདི་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ་བ་ནི་གསང་བའི་ཚོགས། དེ་ཁོ་ན་ཉིད་དུ་རང་རིགས་སྤྲོས་བྲལ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཀུན་ཁྱབ་ཡངས་པ་ཆེན་པོའ་ིཚོགས་སྣོད་དུ་སེམས་ཡིད་རྣམ་ཤེས་དབང་ཚོགས་ཀྱི་འདུ་ཤེས་འགྱུ་དྲན་ཕྲ་རགས་བཟང་ངན་གྱི་རྟོག་ཚོགས་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་མཐའ་དག་རང་རིག་རང་ཤེས་རང་གྲོལ་གྱི་ཚོགས་སུ་བྱིན་གྱིས་བརླབས་ནས། གདོད་མའི་གནས་ལུགས་ཀྱི་ངང་དུ་འབུལ་བྱ་འབུལ་བྱེད་དང་བྲལ་བ་ཉིད་དུ་ཡིན་ལུགས་རང་ངོ་ཤེས་པ་ནི་དེ་ཁོ་ན་ཉིད་ཡང་དག་དོན་གྱི་ཚོགས་མཆོད་དེ། མདོར་ན་སྣང་སྲིད་ཕྱི་ནང་སྣོད་བཅུད་ཐམས་ཅད་ཚོགས་ཀྱི་རང་བཞིན་དུ་མ་གྱུར་པ་མེད་པའི་དོན་ཚུལ་བཞིན་དུ་ཤེས་དགོས་ཤིང། དེ་ལྟ་བུའི་དབྱེ་བ་རྟོགས་པས། ནང་གི་ཚོགས་མཆོད་དངོས་གཞི་ཇི་ལྟར་བགྱི་བའི་ཐབས་སམ་ཚུལ་ནི། སྤྱིར་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་འདོད་ཡོན་ཐམས་ཅད་ཚོགས་ཀྱི་དངོས་པོར་མ་གྱུར་པ་མེད་ཅིང། བྱེ་བྲག་ཏུ་བཟའ་བ་ཐབས་ཀྱི་རང་བཞིན་དང། བཏུང་བ་ཤེས་རབ་ཀྱི་རང་བཞིན་ལ་སོགས་ཚོགས་རྫས་ཀྱི་དངོས་པོར་གྱུར་ཚད་ཇི་ལྟར་འབྱོར་བ་ལེགས་པར་བཤམས་ཤིང། ཡེ་ཤེས་རྣམ་རོལ་གྱི་མེ་(རཾ)ཆུ་(ཁཾ)རླུང་(ཡཾ)གསུམ་འཕྲོས་པས་ཀུན་རྫོབ་འཁྲུལ་སྣང་ཉེས་ཚོགས་ཀྱི་དྲི་མ་ཐམས་ཅད་སྦྱངས། སྐུ་གསུམ་ཡེ་ཤེས་ཀྱི་རྩལ་སྣང་འབྲུ་གསུམ་(ཨོཾ་ཨཱཿཧཱུཾ)གྱི་འོད་ཟེར་འཕྲོས་པས་བདེ་ཆེན་ཟག་མེད་ཀྱི་བདུད་རྩི་ཡིད་བཞིན་འདོད་འབྱུང་གི་གཏེར་དུ་བྱིན་གྱིས་བརླབས། དེ་ཉིད་ཡུལ་གོང་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཆོད་པའི་དངོས་པོར་ཕུལ། ཆོས་སྐྱོང་སྲུང་མ་རྣམས་ལ་ཅི་འདོད་ཀྱི་བསྐང་རྫས་སུ་བསྔོ། མཆེད་དང་ལྕམ་དྲལ་ཐམས་ཅད་དངོས་གྲུབ་དམ་རྫས་ཀྱི་ཚུལ་དུ་རོལ། ཞིང་སྐྱོང་མཁའ་འགྲོའི་ཚོགས་ལ་བཀའི་ཕམ་ཕབ་ཀྱི་ཚུལ་དུ་གཏོང་བ་ལ་སོགས་ཡུལ་གོང་འོག་ཀུན་ལ་སོ་སོར་གང་ལ་གང་འཚམ་པར་མཆོད་སྦྱིན་བྱ་ཞིང། དེ་དག་གི་ཚེ་ཡང་རློམ་སེམས་ཁེ་གྲགས་ལོ་འདོད་སེར་སྣ་རེ་དོགས་ལ་སོགས་པའི་བསམ་པ་དང་མ་འདྲེས་པར་ཏིང་འཛིན་ཡེ་ཤེས་རྣམ་རོལ་གྱི་ངང་ནས་དག་སྣང་མོས་གུས་སྙིང་རྗེར་ལྡན་ཞིང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབུལ། ཚོགས་ཀྱི་ཡོ་བྱད་ཀྱང། འབྱོར་བའི་ཚེ་ན་འདོད་ཡོན་གྱི་ལོངས་སྤྱོད་དུ་གྱུར་ཏོ་ཅོག་ཐམས་ཅད་ཕངས་སེམས་ཞེན་ཆགས་བྲལ་བས་ཅི་ཡོད་ཚོགས་སུ་བཤམས། མ་འབྱོར་བའི་ཚེ་ན་ཆུ་ལའང་རུང་ཞིང། ལྷག་བསམ་གྱི་ཀུན་ནས་བླངས་ཤིང་ཏིང་འཛིན་གྱི་ཁ་བསྒྱུར་ཤེས་ན་དངོས་པོ་ཐམས་ཅད་ཚོགས་མཆོད་དུ་མ་གྱུར་པ་རྡུལ་ཙམ་ཡང་མེད་པས་ཅིར་སྣང་ཆོས་ཉིད་རྣམ་རོལ་ཆེན་པོའི་ངང་དུ་སྤྱད། རང་ཉིད་བཟའ་བཏུང་གི་རིགས་གང་ལ་སྤྱོད་ཚེའང། དངོས་གྲུབ་ཚོགས་ཀྱི་འཁོར་ལོར་དམིགས་ཏེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་ཅིང། གནས་པ་རྩ་དང་གཡོ་བ་རླུང། བཀོད་པ་བྱང་ཆུབ་སེམས་ཀྱི་སྣང་ལུགས་གནས་ཚུལ་ཐམས་ཅད་ནི་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་ལ་སོགས་པར་ཡེ་ནས་རང་བྱུང་དུ་མཆིས་ཤིང། ཕྱི་རོལ་གྱི་ཡུལ་ཉི་ཤུ་རྩ་བཞི་མཐའ་དག་ནང་དུ་རྡོ་རྗེའི་ལུས་ཀྱི་སྤྱི་བོ་ལ་སོགས་པའི་གནས་དང། ཡུལ་དེ་དག་གི་དཔའ་བོ་རྡོ་རྗེ་འོད་ལྡན་ཡབ་ཡུམ་ལ་སོགས་རྣམས་ཀྱང་ནང་དུ་རྩ་སྒོམ་པ་ལ་སོགས་པའི་རྩ་རླུང་ཐིག་ལེའི་ཚུལ་དུ་ལྷུན་གྲུབ་ཏུ་བཞུགས་པར་རྒྱུད་སྡེ་མཐའ་དག་ལས་གསུངས་ཕྱིར། ནང་དུ་ཏིང་འཛིན་རྣལ་འབྱོར་དང་ལྡན་པས་ཚོགས་ཀྱི་མཆོད་པ་ལན་གཅིག་བྱས་ན་ཕྱི་རོལ་ཡུལ་ཆེན་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོའི་འདུ་བ་ཀུན་ལ་ཚོགས་ཀྱི་འཁོར་ལོ་དུས་གཅིག་ཏུ་བགྱིས་པའི་བསོད་ནམས་ཐོབ་ཅིང། དེར་ཡང་མ་ཟད་ཐེག་མཆོག་རྫོགས་པ་ཆེན་པོ་ལྟར་ན་ཙིཏྟ་འོད་ཁྱིམ་གྱི་ཀློང་ན་སངས་རྒྱས་ཞི་བ་སུམ་ཅུ་རྩ་དྲུག ཀླད་པ་དུང་ཁང་གི་ནང་དུ་ཁྲོ་བོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། མགྲིན་པ་རྩའི་དྲ་བ་ན་རིག་འཛིན་མཁའ་འགྲོའི་ལྷ་ཚོགས། གནས་དྲུག་རྩའི་འཁོར་ལོ་རུ་བཅོམ་ལྡན་ཐུབ་པ་རིགས་དྲུག་ལ་སོགས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལུས་གནས་རྒྱལ་བའི་དཀྱིལ་འཁོར་ཁོ་ན་ཡིན་པ་དང། གཞན་ཡང་བ་སྤུའི་བུ་ག་རེ་རེ་ན་ཡང་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཕོ་བྲང་ཡིན་པར་གསུངས་པས་ན་དེ་ཕྱིར་བཟའ་བཏུང་ཚོགས་འཁོར་གྱི་རང་བཞིན་དུ་འགྱུར་བའི་གནད་རྣམས་ཤེས་པར་བྱ། མདོར་བསྡུས་ན། བཤམས་པ་རྫས་ཀྱི་ཚོགས་འཁོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆེད་ལྕམ་དང་བཅས་པ་རྣམས་ལ་སྤྱིར་འབུལ། སྒྱུ་ལུས་ཕུང་པོའ་ིཚོགས་འཁོར་ཏིང་འཛིན་གནད་དང་ལྡན་པས་སྣང་སྲིད་ལྷ་འདྲེ་ལ་སོགས་མཆོད་སྦྱིན་གྱི་ཡུལ་དུ་གྱུར་པ་གོང་འོག་བར་མ་རྣམས་ལ་བྱེ་བྲག་ཏུ་འབུལ། བཟའ་བཏུང་རྒྱུན་གྱི་ཚོགས་འཁོར་ལོག་འཚོ་དཀོར་སྡིག་དང་མ་འདྲེས་པ་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ལ་ཁྱད་པར་དུ་འབུལ། ཅིར་སྣང་ཆོས་ཉིད་ཀྱི་ཚོགས་འཁོར་རང་ཤར་རང་གྲོལ་གྱི་ངང་ནས་ཡེངས་འཁྲུལ་གཉིས་འཛིན་དང་བྲལ་ཞིང་དགག་སྒྲུབ་བླང་དོར་ལས་འདས་པ་རང་རིག་ཀ་དག་གི་ངང་དུ་དོན་དམ་པར་འབུལ་བ་ནི་ཚོགས་ཀྱི་འཁོར་ལོ་ཡང་དག་པའོ།། དེ་ལྟ་བུའི་ཚོགས་ཀྱི་མཆོད་པ་བགྱིས་པའི་དགོས་ཆེད་དང་ཕན་ཡོན་ཇི་ལྟ་བུ་ཡོད་དམ་ཞེ་ན། ཐེག་པའི་མཐར་ཐུག་རྫོགས་པ་རང་བྱུང་གི་རྒྱུད་ལས། ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ནི།། ཚེ་རབས་སྔ་ཕྱི་དཔག་མེད་སྒྲིབ་པ་རྣམས།། ཞི་ཁྲོའ་ིསྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང།། ཚེ་རབས་ཕྱི་མ་གནས་ནི་གར་སྐྱེས་ཀྱང།། ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང།།རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྒྱུར་བར་འགྱུར།། རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང།། རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུར་འགྱུར།།ཅེས་གནས་སྐབས་ཀྱི་ཡོན་ཏན་དང། དེ་བས་ལྷག་པའི་ཡོན་ཏན་འདི་རྣམས་ཐོབ། བར་དོ་རང་སྣང་ཡེ་ཤེས་དག་མཐོང་བས།། དེ་ལ་གྲོལ་ནས་མི་འགྱུར་ས་ལ་གནས།། སྤྲུལ་པ་སྟོང་གསུམ་གང་བས་འགྲོ་དོན་བྱེད།། དེ་ལྟ་བུ་ཡི་ཡོན་ཏན་ཐོབ་པར་འགྱུར།། ཞེས་གསུངས་ཤིང་མདོར་ན་ཚོགས་ཀྱི་འཁོར་ལོའི་ཕན་ཡོན་ནི་དཔག་ཏུ་མེད་དོ།།ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ། དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད། ལྷ་དང་བླ་མ་དམ་ཅན་མཆེད་ལྕམ་གྱི་དགྱེས་པ་སྐོངས། མི་མཐུན་རྐྱེན་ངན་བར་ཆད་སེལ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཅིག་ཆར་དུ་ཐོབ་པ་ལ་སོགས་པའི་ཕན་ཡོན་གྱི་རྣམ་གྲངས་བརྗོད་ལས་འདས་པ་ཐོབ་ཅིང། གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ཟབ་གནད་ཆ་རྐྱེན་ཁ་སྐོང་ལག་ལེན་རྨད་དུ་བྱུང་བ་ཡིན་ཡང་རྒྱུན་ལྡན་དུ་བརྩོན་པར་མཛད་འཚལ།།ཚོགས་ཀྱི་རྣམ་བཤད་མདོར་བསྡུས་འདི།། རབ་མཛེས་ཀུན་ཏའི་གོས་འཆང་བའི།། རིག་སྔགས་འཛིན་པ་(དཀར་པོ་བ་ཀུན་དགའ་བསྟན་འཛིན་)དེས་བསྐུར་ངོར།། བཀོད་འདིས་འགྲོ་ལ་ཕན་འགྲུབ་

ཤོག ། འདི་ལས་ཕལ་ཆེར་སྤྲོས་པའི་ཚོགས་ཀྱི་འདུ་བ་བསྒྲགས་པ་དང་ཚོགས་འཁོར་གྱི་བྱ་བ་ཇི་ལྟ་བ་རྒྱུད་སྡེ་ལས་གསུངས་པའི་ཚུལ་དག་སྤྲོ་བར་ནུས་མོད་ཀྱང། དེང་སང་བསྐལ་བ་སྙིགས་མའི་མཐའ་ལ་ཆེས་ཆེར་ཐུག་པའི་རང་ཚུལ་འདིས། དེ་ལྟ་བུའི་ནུས་ལྡན་གྱི་ཚོགས་འཁོར་ཚུལ་ལྡན་དཀོན་ཚེ་འདིར་བཤད་ཀྱང་ངལ་བ་དོན་མེད་ལས་མི་འབྱུང་བས་རེ་ཞིག་འདི་ཙམ་གྱིས་ཆོག་པར་སེམས་སོ།། དགེའོ། དགེའོ། དགེའོ།།

Advertisements

རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་རྣམ་ཐར་བསྡུས་དོན་དུམ་ཚན་དང་པ།

རྒྱལ་སྲས་བསྟན་འཛིན་རབ་རྒྱས་གང་ཉིད་ཡབ་ཚེ་དབང་བསྟན་འཛིན་དང་ཡུམ་དམ་ཆོས་བསྟན་འཛིན་མའི་སྲས་སུ་རབ་བྱུང་༡༡་པའི་ས་ཕོ་སྟག་ལོ་མགོ་ཟླ་བ་སྟེ་ཧོར་ཟླ་༡༡་པའི་ཚེས་༡་གཟའ་ཉི་མའི་སྔ་དྲོ་ཉི་ཤར་ལ་ཁྲུངས། ཁོང་ལ་སྐུ་མཆེད་གཉིས་ཡོད་པ་ལས་གཅེན་སྦྱིན་པ་རྒྱལ་མཚན་ནི་ཡུམ་མི་གཅིག་ཅིང་། ཡུམ་གཅིག་པ་ལས་ཨ་ཅེ་ཞིག་ཡོད་པ་ནི་རྗེ་བཙུན་བསྟན་འཛིན་ཡིན། རྗེ་ཉིད་འཁྲུངས་དུས་ཡབ་ཚེ་དབང་བསྟན་འཛིན་དང་ཞབས་དྲུང་རིན་པོ་ཆེ་སྒར་སྐོར་ལ་ཕེབས་ཏེ་གདན་སར་མ་བཞུགས་པས་ལྕགས་རིར་རྒྱལ་སྲས་འཇམ་དཔལ་རྡོ་རྗེའི་རྩར་མིང་ཞུ་རུ་བཏང་། རྒྱལ་སྲས་ཀྱིས་བསྟན་འཛིན་ཆེ་གེ་མོ་ཞིག་གནང་བར་མིང་ཞུ་བར་འགྲོ་མཁན་ཉིད་ཆང་གིས་བེར་ནས་བསྟན་འཛིན་ཙམ་མ་གཏོགས་མ་དྲན་པས་མཚན་དེ་སྐད་ཐོགས། ཞབས་དྲུང་རིན་པོ་ཆེ་དང་ཡབ་ཚེ་དབང་བསྟན་འཛིན་སླར་གདན་སར་འཁོད་པ་ནས་ཡབ་ཀྱིས་སྲས་པོ་ཉིད་འཁུར་ནས་ལྕགས་རིར་ཞབས་དྲུང་རིན་པོ་ཆེའི་དྲུང་དུ་ཕྱིན་པས་ཞབས་དྲུང་རིན་པོ་ཆེ་ཉིད་ཆོས་རྗེ་ཙཱ་རི་བ་ལ་བཀའ་ཆོས་གནང་ཕྱིར་ཁྲི་ཐོག་ཏུ་བཞུགས་ཟིན་མ་ཐག་དང་སྟབས་འཁེལ་བས་ཡབ་ཡུམ་སྲས་འཁོར་དང་བཅས་པ་ཆོས་རྗེ་ཙཱ་རི་བ་དང་ལྷན་བཀའ་ཆོས་གསན་ཏེ་ཟླ་བ་འགའ་ཞིག་དེར་བསྡད།

དགུང་ལོ་བཞི་ཙམ་ནས་ཡུམ་གྱིས་ཀ་ཁ་ནས་དབུ་འཛུགས་ཏེ་སྦྱོར་ཀློག་དང་ཚེག་སྡུད་ཀྱི་ཀློག་བསླབས་པས་དཀའ་ཚེགས་དང་སྡུག་སྒུར་མ་དགོས་པར་མཁྱེན་ཞིང་ཕྱག་བྲིས་ཀྱང་གཞན་ལ་བསྟེན་ནས་སློབ་མ་དགོས་པར་ཞར་ལ་རང་མཁྱེན་པར་གྱུར། དུས་དེ་དག་གི་ཚེ་མངོན་ཤེས་བཤད་པ་ཐོག་ཏུ་བབས་པ་བྱུང་བས་སྐྱེ་བོ་ཀུན་གྱིས་རྗེ་གཞོན་ནུ་དེ་ཉིད་སྤྲུལ་པའི་སྐུ་ཞིག་གོ་ཞེས་གྲགས་ཤིང་། རྗེ་གཞོན་ནུ་ཉིད་ནས་ཀྱང་བླ་མ་ག་གེ་མོ་ཞིག་གི་སྐྱེ་བ་བཤད་པ་སོགས་བྱུང་ཡང་ཞབས་དྲུང་གིས་འབྲུག་པའི་གདུང་ཡིན་པ་ཙམ་གྱིས་ཆོག་པས་སྤྲུལ་པའི་སྐུར་ངོས་འཛིན་མི་དགོས་གསུངས་པས་ངོས་འཛིན་མ་མཛད། རྗེ་ཉིད་དགུང་ལོ་ལྔ་ལ་གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོ་བོད་ནས་སྤུངས་ཐང་དུ་འབྱོར། དུས་དེ་དག་གི་སྔ་རྟིང་ཅི་རིགས་པར་ཡབ་ཀྱི་ཞབས་ནས་ནཱ་རོ་ཆོས་དྲུག་དང་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི་མདོ་སྔགས་ཀྱི་བཀའ་ཆོས་རྣམས་ཀྱང་གསན།

རྗེ་དགུང་ལོ་༧་ལ་ཉེ་བའི་ཚེ་རབ་བྱུང་༡༡་པའི་ཤིང་ཕོ་སྤྲེལ་གྱི་མགོ་ཟླའི་ཚེས་༡༧་ལ་ཡབ་གཤེགས། ཡབ་ཀྱི་སྐུ་གདུང་ཞུགས་འབུལ་གོང་ས་སྐུ་ཉིད་ཀྱིས་མཛད་ཅིང་གཞན་དགོངས་རྫོགས་ཀྱི་དགེ་རྩ་རྣམས་སྡེ་པ་དབུ་མཛད་ལ་བཀས་བསྐུལ་ཏེ་ཕྱག་མཛོད་ནས་བསྒྲུབས་པར་མཛད། དུས་དེ་ནས་བཟུང་སྟེ་ཡུམ་སྲས་ལྕམ་སྲིང་བཅས་པ་ལའང་འཚོ་བའི་ཆ་རྐྱེན་ཞབས་དྲུང་རིན་པོ་ཆེས་ཕྱག་མཛོད་ནས་གནང་།

དེ་ནས་རྗེ་དགུང་ལོ་༨་ལ་ཞབས་དྲུང་རིན་པོ་ཆེའི་བཀས་བསྐུལ་ཏེ་དགེ་འདུན་འདུས་པའི་སྡེར་ཞུགས་པས་ཞབས་དྲུང་རིན་པོ་ཆེས་གཙུག་ཕུད་བཞེས། མཚན་ངག་དབང་བསྟན་འཛིན་རབ་རྒྱས་ཞེས་གནང་། གནས་བརྟན་ཆེན་པོ་པད་དཀར་འབྱུང་གནས་དང་བསྟན་འཛིན་ལྷུན་གྲུབ་སློབ་དཔོན་དུ་བསྟེན། དུས་རེ་ཞིག་གི་ཚེ་ཞབས་དྲུང་རིན་པོ་ཆེས་མཁན་པོ་མཛད་དེ་རྗེ་ཉིད་རབ་ཏུ་བྱུང་། དུས་དེ་ནས་བཟུང་སྟེ་རྗེ་ཉིད་ལ་ཞབས་དྲུང་རིན་པོ་ཆེ་ནས་ཐུགས་བརྩེ་ལྷག་པར་གནང་སྟེ་འདུས་དམངས་ཀྱི་དབུས་སུ་གཟིགས་བསྟོད་གནང་ཞིང་སྐུ་མདུན་དུ་སྤོས་འཛུགས་པ་སོགས་ཀྱི་ཉེར་མཁོའི་ཕྱག་གཡོག་ཀྱང་ཁོང་ལ་བཅོལ་བ་གནང་ནས་བསླབ་པ་སློབ་གཉེར་ལ་བརྩོན་དགོས་པའི་བཀའ་སློབ་གནང་བ་སོགས་མཛད། ལྷག་པར་དུ་རྗེ་ཉིད་སྡེ་པ་དབུ་མཛད་ལ་གཉེར་གཏད་མཛད་པ་བཞིན་སྡེ་པས་ཀྱང་དེ་ལྟར་ཐུགས་ལ་བཏགས་པར་མཛད་དོ༎

སྤུངས་ཐང་སྒྲུབ་མཆོད་ཀྱི་སྐབས་ཤིག་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དེ་གཟིགས་འབུལ་ཞུ་སྐབས་ཞབས་དྲུང་རིན་པོ་ཆེ་ནས་དཀྱིལ་འཁོར་གྱི་ཕྱག་ལས་པ་རྣམས་ལ་ཚོན་འགྱེད་འགྲེམས་བྱེད་ལུགས་རྣམས་བསྟན་པའི་འཕྲོས་སུ་རྗེ་ཉིད་ཤོག་གསུངས། རྗེས་ཞབས་འབྲིང་དུ་ཕྱིན་ཏེ་གཟིམས་ཁང་དུ་ཕེབས་པ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པ་ནས་བཟུང་སྟེ་དཀྱིལ་འཁོར་བཞེངས་ཚུལ་རྒྱུད་དང་མན་ངག་སྦྱར་ཏེ་བཀའ་དྲིན་བསྩལ། ཡང་སྐབས་ཤིག་ན་སྐུ་མདུན་དུ་ཤོག་གསུངས་ནས་ཕྱིན་པས་འཇམ་དཀར་གྱི་རྗེས་གནང་དང་དམིགས་རིམ་སོགས་གནང་སྟེ་འཇམ་དཀར་ཡི་དམ་གྱི་ལྷ་སྐལ་དུ་བསྩལ། ཡང་དེ་སྐབས་དགེ་འདུན་པ་རྣམས་ཟུར་འགྲིམས་སོགས་ལ་བཀག་ཆ་ཡོད་ཀྱང་གོང་ས་མཆོག་ནས་རྗེ་ཉིད་ནམ་འདོད་དུ་ཞབས་སར་བཅར་ཆོག་པའི་བཀའ་ཡི་གནང་བ་གྲོལ་བས་རྗེ་ཉིད་ཀྱིས་ཀྱང་འཕྲལ་འཕྲལ་ཞབས་སར་བཅར་ཏེ་བཀའ་སློབ་དང་ཞལ་ཏ་ཞུས། དེ་བཞིན་རྗེ་ཉིད་ཀྱིས་ཞབས་དྲུང་རིན་པོ་ཆེ་ནས་དགེ་འདུན་བྱིངས་དང་མཉམ་དུ་བཀའ་ཆོས་ཇི་སྙེད་པ་གསན་པ་གནང་ཞིང་། གཞན་ཡང་ཕྱོགས་ཕྱོགས་ནས་འདུས་པའི་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམས་པའི་བཀའ་ཆོས་གནང་སྐབས་ཀྱང་ཞབས་དྲུང་ནས་རྗེ་ཉིད་ཆེད་དུ་གཞུག་པར་མཛད་དེ་རྗེ་ཡིས་ཆོས་བཀའ་ཇི་ཐོབ་ཡུམ་ལ་ཟིན་ཐོར་འགོད་དུ་བཅུག། མདོར་ན་རྗེ་ཡིས་ཞབས་དྲུང་རིན་པོ་ཆེ་ནས་དཔལ་ལྡན་འབྲུག་པའི་གདམས་ངག་སྡོང་པོ་གསུམ་དྲིལ་ཞེས་པའི་དཀར་བརྒྱུད་ཀྱི་རྒྱུད་ལུང་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད།

སྔར་རྗེ་དགུང་ལོ་༧་ལ་སོན་པའི་ཤིང་སྤྲེལ་ལོར་དགེ་ལྡན་པའི་དཔུང་ཆེན་དང་པ་དཔུང་འཇུག་བྱས་ཏེ་མེ་ཁྱི་བར་ལོ་གསུམ་ཙམ་བསྡད་མཐར་དགེ་ལྡན་པའི་དཔུང་དམག་ཐམས་ཅད་འབྲུག་པའི་ལག་ཏུ་ཚུད། དཔོན་མགོ་རྣམས་བཙོན་དུ་བཟུང་ནས་དམག་བྱིངས་རྣམས་རིག་འཛིན་སྙིང་པོའི་ངོར་རང་ཡུལ་དུ་བདེ་བར་སློག། ཕྱིས་ནང་སོ་ཨའུས་ཞབས་དྲུང་གི་ཟུར་སྲས་དཔོན་བསྟན་རྒྱས་པ་སོགས་འབྲུག་པའི་དབུ་ཆེ་རྣམས་འདིར་བརྫངས་ཏེ་ཆིངས་སྣ་སྦྲེལ་བས་ནང་སོ་དངོས་གྲུབ་ཀྱིས་གཙོས་པའི་དཔོན་མགོ་༢༡་ཙམ་ལ་རང་རང་གིས་ལག་བདར་ཏེ་གོ་ཁྲབ་རྣམས་ཞབས་དྲུང་ལ་རྩིས་འབུལ་དུ་བཅུག། དེ་ནས་དཔོན་མགོ་དེ་རྣམས་ཀྱང་གནང་སྦྱིན་དང་བཅས་སླར་བོད་དུ་བདེ་བར་སློག། ནང་སོ་དངོས་གྲུབ་དང་མདའ་དཔོན་བཀྲས་སྒང་པ་གཉིས་ཀྱི་གོ་ཁྲབ་དང་འཁོར་གསུམ་རྣམས་རྟེན་འབྲེལ་གྱི་ཆེ་བར་དགོངས་ནས་སྤུངས་ཐང་གི་མགོན་ཁང་དུ་མགོན་པོའི་བཞུགས་གདན་དུ་ཕུལ། མགོན་ཁང་གི་མཚན་ཡང་གཡུལ་རྒྱལ་མགོན་ཁང་ཞེས་གསོལ་ནས་གཏང་རག་གི་དགའ་སྟོན་རྒྱ་ཆེར་མཛད།

དབུ་མ་རིགས་ཚོགས་དྲུག་གི་གྲངས་ངེས་ལ་དཔྱད་པ།

ཐོག་མར་གླེང་གཞི་དང་འབྲེལ་བའི་གཏམ།

དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་སེམས་པ། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང་། །རྨ་བྱ་ཞེས་བྱའི་རིགས་པ་སྒྲུབ། །ཁམས་དོན་བསྟན་བཅོས་དུ་མ་དང་། །དངོས་མེད་དོན་གྱི་དེ་ཉིད་རིག། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །ལུས་འདི་བོར་བར་འགྱུར་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་ཡི་རྗེས་ཐོག་ཉིད་དུ་ནི། །སངས་རྒྱས་ཉིད་དུ་ངེས་པར་གྲོལ། །ཞེས་དང་། འཕགས་པ་སྤྲིན་ཆེན་པོའི་མདོ་དང་རྔ་བོ་ཆེའི་མདོ་ལ་སོགས་པ་རྣམས་ནས་ཀྱང་ལུང་གིས་ཟིན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། བོད་བརྒྱུད་ནང་བསྟན་པ་ཀུན་གྱིས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་གསེས་དབུ་མའི་རྒྱན་དུ་གྱུར་པའི་སློབ་དཔོན་སངས་རྒྱས་གཉིས་པ་ཞེས་མཆོག་ཏུ་བཀུར་ཞིང་བསྔགས་པ་དེ་ཉིད་ཡིན། སློབ་དཔོན་དེ་ཉིད་ཀྱིས་རིག་པའི་གནས་ལྔ་དང་འབྲེལ་བའི་བསྟན་བཅོས་བགྲང་བ་ལས་འདས་པ་ཞིག་བརྩམས་པར་གྲགས་པ་བཞིན་ནང་དོན་རིག་པ་དང་འབྲེལ་བའི་བསྟན་བཅོས་ཁོ་ན་ལ་ཡང་དུ་མ་ཞིག་བརྩམས་ཡོད་པར་མངོན།

འོན་ཀྱང་ནང་དོན་རིག་པའི་བསྟན་དོན་ལྟ་བའི་ཆ་དང་སྤྱོད་པའི་ཆ་གཉིས་ཡིན་གཤིས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ནང་དོན་རིག་པའི་དོན་བཀྲལ་བའི་བསྟན་བཅོས་ལ་ཡང་ལྟ་བའི་ཆ་གཙོ་བོར་བསྟན་པ་དང་སྤྱོད་པའི་ཆ་གཙོ་བོར་བསྟན་པ་གཉིས་ཡོད་ངེས་ཏེ། བཤེས་པའི་སྤྲིངས་ཡིག་ལྟ་བུ་སྤྱོད་པའི་ཆ་གཙོ་བོར་བསྟན་པ་དང་། དབུ་མ་རྩ་ཤེས་ལྟ་བུ་ལྟ་བའི་ཆ་གཙོ་བོར་བསྟན་པ་ཡོད་པས་སོ།། ཡང་ལུང་གི་སྒོ་ནས་བསྟན་པ་དང་རིགས་པའི་སྒོ་ནས་བསྟན་པ་གཉིས་སུ་དབྱེ་ཡང་ཆོག་པར་སེམས་ཏེ། མདོ་སྡེ་ཀུན་ལས་བཏུས་པ་ལྟ་བུ་ལུང་གི་སྒོ་ནས་བསྟན་པ་དང། རིགས་ཚོགས་ལྟ་བུ་རིགས་པའི་སྒོ་ནས་བསྟན་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །ཡང་བཀའ་ཐོག་མཐའ་བར་གསུམ་གྱི་དགོངས་འགྲེལ་དུ་དབྱེ་ཡང་རུང་སྟེ། གཏམ་ཚོགས་དང་བསྟོད་ཚོགས་དང་རིགས་ཚོགས་གསུམ་པོ་རིམ་པ་བཞིན་བཀའ་ཐོག་མཐའ་བར་གསུམ་གྱི་དགོངས་འགྲེལ་དུ་མཁས་པ་རྣམས་ཀྱིས་བཞེད་པའི་ཕྱིར་རོ།།

རིགས་ཚོགས་དང་འབྲེལ་བའི་གཏམ།
གང་ལྟར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ནང་དོན་རིགས་པ་དང་འབྲེལ་བའི་བསྟན་བཅོས་ལ་བསྟོད་ཚོགས་དང་གཏམ་ཚོགས་རིགས་ཚོགས་གསུམ་དུ་མཆིས་པའི་ནང་གི་རིགས་ཚོགས་ལ་མཁས་པ་ཁ་ཅིག་གིས་རིགས་པའི་ཚོགས་དང་རིགས་པའི་ཁྱུ་ཞེས་པ་དོན་གཅིག་ཡིན་པས་དེ་ལ་གྲངས་ངེས་ཀྱི་ཁ་མཚོན་ཆོད་མི་རུང་ཞེས་གྲངས་ངེས་པར་མི་འདོད་པའི་ལུགས་གཅིག་དང། ཁ་ཅིག་གིས་ནི་རིགས་ཚོགས་དྲུག་དུ་འདོད་པ་དང་རིགས་ཚོགས་ལྔ་རུ་འདོད་པ་སོགས་ཀྱི་སྒོ་ནས་གྲངས་ངེས་པ་ཅན་དུ་མཛད་མཁན་གྱི་ལུགས་གཅིག་ཅེས་ལུགས་གཉིས་སུ་བྱུང་བར་གྲགས། དབུ་མ་རིགས་པའི་ཚོགས་ལྔའམ་དྲུག་གང་བཞེད་ཀྱང་། རྩ་བ་ལུས་ལྟ་བུའི་བསྟན་བཅོས་དང་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་གཉིས་སུ་འདུ་བར་བཞེད་པ་ནི་མཁས་པ་ཀུན་དགོངས་པ་མཐུན། དེ་ཡང་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས་རྩ་བ་ལུས་ལྟ་བུའི་བསྟན་བཅོས་དང་། དེ་ལས་གཞན་རྩོད་བཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་གསུམ་རིགས་ཚོགས་ཀྱི་ནང་གསེས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པ་ལ་རྩོད་པ་མ་མཆིས། དགོངས་པ་མི་མཐུན་ས་ནི་རིགས་ཚོགས་དྲུག་དང་ལྔར་བཞེད་ཚུལ་གྱི་དབང་གིས་བྱུང་བ་འོག་ནས་འཆད་འགྱུར་ལྟར་དང་། དེ་ལས་གཞན་དུ་གྱུར་པ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྩ་ཤེས་དང་རིགས་དྲུག་ཅུ་གཉིས་ཀྱི་བསྟན་བྱའི་ཁྱད་པར་ལ་ཡང་དགོངས་པ་མི་མཐུན་པ་ཅུང་ཟད་ཡོད་པར་སྣང་།

རིགས་ཚོགས་དྲུག་ཏུ་བཞེད་ཚུལ་གྱི་གཏམ།
དེ་ཡང་རིགས་ཚོགས་དྲུག་ཏུ་འདོད་མཁན་ཀུན་གྱི་ཐོག་མ་ནི་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཡིན། ཁོང་གིས་དབུ་མ་རིགས་པའི་ཚོགས་ལ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གཉིས་ཏེ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས་སུ་བཞེད་ཅིང་། དེ་གཉིས་ཀྱི་བསྟན་བྱའི་ཁྱད་པར་ཡང་རྣམ་གཅོད་དགག་པའི་སྒོ་ནས་སྟོང་ཉིད་ཀྱི་དོན་གཏན་ལ་འབེབས་པ་རྩ་ཤེས་དང་། ཡོངས་གཅོད་སྒྲུབ་པའི་སྒོ་ནས་ཐ་སྙད་ཀྱི་ཆོས་རྣམས་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུར་སྣང་ཙམ་ཉིད་དུ་ཡོད་པར་སྒྲུབ་པ་རིགས་པ་དྲུག་ཅུ་པའི་བསྟན་བྱར་བཞེད། དེ་ནས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ལ་རྩོད་བཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག ཐ་སྙད་སྒྲུབ་པ་བཅས་བཞིར་བཞེད་ལ། དེ་རྣམས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པར་ཡང་དཔལ་ལྡན་ཟླ་གྲགས་ཀྱིས་བརྩམས་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པར་དེ་དག་རྩ་ཤེས་ལས་གྱེས་ཚུལ་གསུངས་པ་རྒྱུ་མཚན་དུ་འདྲེན་པར་མཛད། ཀུན་མཁྱེན་ཀློང་ཆེན་དང་མཁན་པོ་གཞན་དགའ་སོགས་རྙིང་མའི་མཁས་པ་རྣམས་ཀྱིས་ཀྱང་རྨ་བྱ་བྱང་བརྩོན་གྱི་རྗེས་སུ་འབྲངས་ཏེ་ཁོང་དང་མཐུན་པར་དབུ་མ་རིགས་པའི་ཚོགས་དྲུག་ཏུ་བཞེད། དེ་ནས་རིགས་ཚོགས་དྲུག་ཏུ་བཞེད་མཁན་གཉིས་པ་ནི་རི་བོ་དགའ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་རྗེས་འབྲངས་དང་བཅས་པ་ཡིན། ཁོང་གིས་ཀྱང་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གཉིས་གོང་ལྟར་དང་། གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་གསུམ་གོང་བཞིན་ལས་བཞི་པ་ཐ་སྙད་སྒྲུབ་ཀྱི་དོད་དུ་རིན་ཆེན་ཕྲེང་བ་བཞེད། རིགས་ཚོགས་དྲུག་ཏུ་བཞེད་མཁན་གསུམ་པ་ནི་ཡིག་ཆ་ཞིག་སྟེ་བོད་ཀྱི་མཁས་པ་མི་བཞིས་མཛད་པར་གྲགས་པའི་གསང་སྔགས་ལུང་གི་བང་མཛོད་དང་ཨོ་རྒྱན་གླིང་པའི་གཏེར་མ་བཀའ་ཐང་སྡེ་ལྔ་ཞེས་ཡོད་པའི་ནང་གི་ལོ་པཎ་བཀའ་ཐང་གཉིས་ཡིན། དེར་དབུ་མ་རིགས་ཚོགས་ལྔ་གོང་ལྟར་དང་རིགས་ཚོགས་དྲུག་པ་དེ་ལ་ཐ་སྙད་སྒྲུབ་དང་རིན་ཆེན་ཕྲེང་བའི་དོད་དུ་ག་ལ་འཇིགས་མེད་ཅེས་པ་ཞིག་བགྲངས་པར་མཛད། དེ་ལྟར་ན་རིགས་ཚོགས་དྲུག་ཏུ་བཞེད་མཁན་ལ་དབྱེ་བ་གསུམ་དུ་བྱུང་།

རིགས་ཚོགས་ལྔར་བཞེད་ཚུལ་གྱི་གཏམ།
དབུ་མ་རིགས་པའི་ཚོགས་ལྔ་རུ་བཞེད་མཁན་ནི་ཀུན་མཁྱེན་གོ་བོ་རབ་འབྱམས་པ་སྟེ། ཁོང་གིས་ཐ་སྙད་སྒྲུབ་དང་རིན་ཆེན་ཕྲེང་བ་དང་ག་ལ་འཇིགས་མེད་གསུམ་ཀ་རིགས་ཚོགས་ཀྱི་གྲངས་སུ་བཞག་པ་ལ་སྐྱོན་བརྗོད་གནང་སྟེ་རང་ལུགས་ལ་དེ་གསུམ་ཕུད་པའི་ལྷག་མ་རྩ་ཤེས། རིགས་དྲུག་ཅུ། ཞིབ་མོ་རྣམ་འཐག སྟོང་ཉིད་བདུན་ཅུ། རྩོད་བཟློག་བཅས་ལྔ་ལ་རིགས་ཚོགས་ལྔ་ཞེས་བཞེད་པར་མཛད་དོ།།

རིགས་ཚོགས་དྲུག་ཏུ་བཞེད་པ་ལ་སུན་འབྱིན་པའི་གཏམ།
ཀུན་མཁྱེན་གོ་བོ་རབ་འབྱམས་པས་ཐོག་མར་རྨ་བྱ་བྱང་བརྩོན་ལ་རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་དགག་པར་མཛད་དེ། རྒྱུ་མཚན་དང་པ་ནི་རྨ་བྱ་བྱང་བརྩོན་གྱིས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞིར་བཞེད་པའི་རྒྱབ་ཁུངས་སུ་འདྲེན་པར་མཛད་པའི་ཟླ་གྲགས་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པར་ཐ་སྙད་སྒྲུབ་པ་རྩ་ཤེས་ལས་གྱེས་ཚུལ་སྐོར་གསུངས་པ་མི་སྣང་ཞེས་དགག་པར་མཛད། རྒྱུ་མཚན་གཉིས་པ་ནི་ཐ་སྙད་སྒྲུབ་པ་ཞེས་པའི་བསྟན་བཅོས་ཤིག་བོད་དུ་གཏན་ནས་བསྒྱུར་མྱོང་མེད་པས་བོད་དུ་བསྒྱུར་མ་མྱོང་བའི་བསྟན་བཅོས་ཤིག་རིགས་ཚོགས་ཀྱི་གྲལ་དུ་བརྩི་མི་འོས་ཞེས་དགག་པར་མཛད། རྒྱུ་མཚན་གསུམ་པ་ནི་དེ་འདྲའི་བསྟན་བཅོས་ཤིག་རྒྱ་གར་དུ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཀྱི་གྲལ་དུ་ཡོད་ཚོད་མི་འདུག་པས་དེའི་ཕྱིར་ཡོད་མེད་མ་ངེས་པའི་བསྟན་བཅོས་ཤིག་རིགས་ཚོགས་ཀྱི་གྲལ་དུ་འཇོག་པ་ནི་རིགས་ཤིང་མི་འཐད་པ་ཉིད་དོ་ཞེས་སུན་འབྱིན་མཛད་དོ།།

སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཀྱི་གྲལ་དུ་མེད་པའི་རྒྱུ་མཚན་ནི། དབུ་མ་རྩ་ཤེས་ཀྱི་ཚིག་འགྲེལ་ཚིག་གསལ་གྱི་མཇུག་ཏུ། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་དེར་ཚིག་ལས་བྱེད་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་ཅེས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པར་རྣམ་པར་བཟློག་པར་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །འགྲེལ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་དང་ནི་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་དེ་འོང་དང་བདག་གི་རྣམ་རིགས་ཤེས་ལས་རྙེད་པ་གང་། །དེ་དག་ཐམས་ཅད་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་ཟླ་བ་གྲགས་པས་སློབ་དཔོན་ཀླུའི་བསྟན་བཅོས་ལ་ཐོས་བསམ་བྱས་ལུགས་བཀོད་པ་དེ་ཡི་ནང་དུ་ཐ་སྙད་སྒྲུབ་ཅེས་པ་ཞིག་མ་བྱུང་བས་རྒྱ་གར་དུ་ཡང་མེད་ངེས་ཟེར་ཞིང་། གལ་ཏེ་རྒྱ་གར་དུ་དེ་འདྲ་ཞིག་ཡོད་ངེས་ན་སློབ་དཔོན་ཟླ་བ་གྲགས་པས་ཐོས་བསམ་མི་བྱས་པ་མི་སྲིད་ཅེས་གསུངས་སོ།།
གཉིས་པ་རྗེ་ཙོང་ཁ་པ་ལ་དགག་ཚུལ་ནི། གོང་དུ་དྲངས་པའི་ཚིག་གསལ་གྱི་ལུང་དུ། གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་ཚོགས་དང་། །ཞེས་བྱུང་བས་རིན་ཆེན་ཕྲེང་བ་གཏམ་ཚོགས་ཡིན་པར་གསལ་གསལ་རིགས་རིགས་ཡིན་བཞིན་དུ་རིགས་ཚོགས་ཀྱི་གྲངས་སུ་བརྩི་བ་ནི་རིགས་ཤིང་མི་འཐད་ཅེས་དགག་པར་མཛད་དོ།།

གསུམ་པ་ག་ལ་འཇིགས་མེད་རིགས་ཚོགས་སུ་བརྩི་བ་ལ་དགག་པ་ནི། ག་ལ་འཇིགས་མེད་དེའི་རབ་བྱེད་རྣམས་སུ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལ་འཇིགས་མེད་ཅེས་བྱ་བ་ཞེས་བྱུང་བས་དེ་ནི་རྩ་ཤེས་ཀྱི་འགྲེལ་པ་ཡིན་པར་གྲུབ་པས་རིགས་ཚོགས་ཡིན་པར་མི་འཐད་ཅེས་དགག་པར་མཛད། དེ་ལ་ཡིག་ཆ་དེ་གཙིགས་སུ་འཛིན་པ་ཁ་ཅིག་གིས་ག་ལ་འཇིགས་མེད་རྩ་ཤེས་ཀྱི་འགྲེལ་པ་ཡིན་པར་བདེན་མོད། འོན་ཀྱང་དེ་ནི་སློབ་དཔོན་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་རྩ་ཤེས་ཀྱི་རང་འགྲེལ་ཡིན་པས་རིགས་ཚོགས་ཀྱི་གྲངས་སུ་བཞག་འོས་ཞེས་ནན་གྱིས་གྲུབ་པ་ལ། གོ་རམས་པས་ག་ལ་འཇིགས་མེད་དུ་སློབ་དཔོན་ཀླུའི་སློབ་མ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་ལུང་བགྲངས་འདུག་པས་སློབ་དཔོན་གྱིས་སློབ་མའི་བསྟན་བཅོས་ལས་ལུང་འདྲེན་གནང་མི་སྲིད་པ་དང་། རྩ་ཤེས་ལ་རང་འགྲེལ་ཡོད་ན་ཟླ་གྲགས་ཀྱིས་རྩ་ཤེས་ཀྱི་འགྲེལ་པ་མི་བརྩམས་དགོས་རྒྱུ་ཡིན་རུང་ཁོང་གིས་དེ་ལས་ལྡོག་སྟེ་རྩ་ཤེས་ཀྱི་འགྲེལ་པ་ཚིག་གསལ་བརྩམས་ཡོད་པ་དང་། སློབ་དཔོན་ལེགས་ལྡན་བྱེད་དང་ཟླ་གྲགས་རྣམས་ཀྱིས་མཛད་པའི་གཞུང་གང་དུ་ཡང་ག་ལ་འཇིགས་མེད་ཀྱི་ལུང་བགྲངས་མེད་པའི་རྒྱུ་མཚན་རྣམ་པ་གསུམ་ལ་བརྟེན་ནས་ག་ལ་འཇིགས་མེད་ཀླུ་སྒྲུབ་ཀྱིས་མཛད་པ་མིན་པར་བསྒྲུབས་པར་མཛད་ཅིང་། གལ་ཏེ་ཉིད་རྩ་ཤེས་ཀྱི་རང་འགྲེལ་ཡིན་དུ་ཆུག་ཀྱང་རང་འགྲེལ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དེ་ཉིད་རིགས་ཚོགས་ཀྱི་གྲངས་སུ་བཞག་འོས་ན། རྩོད་པ་བཟློག་པ་སོགས་ལ་ཡང་རང་འགྲེལ་ཡོད་པས་དེ་རྣམས་ཀྱང་རིགས་ཚོགས་ཀྱི་གྲལ་དུ་བཞག་དགོས་པར་འགྱུར་ལ། དེ་ལྟར་ན་རིགས་ཚོགས་ལ་དྲུག་ཏུ་གྲངས་ངེས་པར་འདོད་པའི་དམ་བཅའ་རང་ཞིག་ཏུ་འགྲོ་ཞེས་དགག་པར་མཛད་དོ།།

སུན་འབྱིན་ལ་དཔྱད་པའི་གཏམ།
དེ་ལྟར་ཀུན་མཁྱེན་གོ་བོ་རབ་འབྱམས་པས་དབུ་མ་རིགས་ཚོགས་དྲུག་ཏུ་བཞེད་ཚུལ་ལ་དགག་པ་གནངབ་རྣམས་ཕལ་ཆེ་བ་འཐད་ཕྱོགས་སུ་བཟུང་བར་འོས་ཀྱང་། འགའ་ཞིག་ནི་ད་དུང་དཔྱད་དགོས་པའི་གཞི་རུ་སྣང་སྟེ། ཐོག་མར་རྨ་བྱ་བྱང་བརྩོན་གྱིས་ཐ་སྙད་སྒྲུབ་རིགས་ཚོགས་ཀྱི་གྲངས་སུ་བཞེད་པ་ལ། གོ་རམས་པས་རིགས་པ་དྲུག་ཅུ་པའི་འགྲེལ་པར་ཐ་སྙད་སྒྲུབ་རྩ་ཤེས་ལས་གྱེས་ཚུལ་གསུངས་མི་འདུག་ཅེས་དགག་པ་མཛད་ཀྱང་། དེར་ཞིབ་མོ་རྣམ་འཐག་གྱེས་ཚུལ་ཡང་གསུངས་པ་མ་མཆིས་པས་ཞིབ་མོ་རྣམ་འཐག་ཀྱང་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་སུ་འདོད་མི་རིགས་པར་འགྱུར་ཡང་དེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པར་གོ་བོ་རབ་འབྱམས་པ་རང་ཉིད་ཀྱིས་ཀྱང་བཞེད་པའི་ཕྱིར་རོ།།

དེ་བཞི་ཐ་སྙད་སྒྲུབ་བོད་དུ་བསྒྱུར་མ་མྱོང་བའི་བསྟན་བཅོས་ཡིན་པ་མ་ཟད་རྒྱ་གར་དུ་ཡང་བྱུང་མ་མྱོང་ཞེས་དགག་པ་མཛད་པ་ལ་ཡང་དཔྱད་དགོས་པ་འདི་ཡོད་དེ། རྨ་བྱ་བྱང་བརྩོན་ནི་དབུ་མ་འཇུག་པ་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་མཁན་གྱི་ལོ་ཙཱ་བ་པ་ཙབ་ཉི་མ་གྲགས་པའི་སློབ་མ་དབུས་སུ་དགེ་བཤེས་སྤུ་ཏོ་བ་དང་ཞང་ཐང་སོག་པོ་ཡེ་ཤེས་འབྱུང་གནས། གཙང་དུ་གཙང་པ་ཡེ་ཤེས་སེང་གེ་དང་རྨ་བྱ་བྱང་བརྩོན་གཉིས། ཞེས་ཡོངས་སུ་གྲགས་པའི་བུ་ཆེན་བཞིའི་ནང་ཚན་ཡིན་པས། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་ལོ་ཙཱ་བའི་སློབ་མ་བུ་ཆེན་ཞིག་གིས་ཡོད་མེད་མ་ངེས་པ་ཞིག་རིགས་ཚོགས་ཀྱི་གྲངས་སུ་བརྩི་སྟེ་དེའི་བརྗོད་བྱ་དང་བཅས་པ་གསུངས་མི་སྲིད་པ་གང་ཞིག་ལ། དེ་ལྟར་གསུངས་པ་ལ་བརྟགས་ཚེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཐ་སྙད་སྒྲུབ་ཅེས་པ་ཞིག་ནི་ཏན་ཏན་གྱི་ཡོད་ངེས་སྙམ་མོ། །འོན་ཀྱང་ད་དུང་དོགས་པ་ཞིག་འབྱུང་བ་ནི། རྨ་བྱས་ཐ་སྙད་སྒྲུབ་པ་ནི་རྩ་ཤེས་སོགས་རིགས་ཚོགས་གཞན་གྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་བསྟན་ཚེ། དངོས་སྨྲ་བ་རྣམས་ཀྱིས་དེ་ལྟར་ན་ཆོས་ཐམས་ཅད་གཞི་མ་གྲུབ་པ་རི་བོང་གི་རྭ་ལྟར་འགྱུར་རོ་ཞེས་རྒོལ་བ་ལ། དོན་དམ་པར་རང་བཞིན་གྱིས་མ་གྲུབ་ཀྱང་ཐ་སྙད་སྣང་ཙམ་གྱི་ངོར་སྒྱུ་མ་ལྟ་བུ་གཟུགས་བརྙན་ལྟ་བུར་ཡོད་དོ་ཞེས་འགྲུབ་པའི་ཆེད་དུ་གསུངས་པ་ཡིན་པར་གསུངས་ཀྱང་། རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྩ་ཤེས་དང་རིགས་དྲུག་བཅུའི་བསྟན་བྱའི་ཁྱད་པར་བཤད་སྐབས་སུ། རྩ་ཤེས་ནི་རྣམ་དཔྱོད་དགག་པ་དང་རིགས་དྲུག་ཅུ་ཡོངས་གཅོད་སྒྲུབ་པ་གཙོ་བོར་བསྟན་པའི་ཁྱད་པར་གསུངས་པ་དང་འགལ་དུ་དོགས་སོ།། ད་དུང་གོ་རམས་པས་ཐ་སྙད་སྒྲུབ་ཅེས་པ་རྒྱ་གར་དུ་མེད་པའི་སྒྲུབ་བྱེད་དུ་ཚིག་གསལ་གྱི་ལུང་ལས་མ་བྱུང་བའི་རྒྱུ་མཚན་བཀོད་པ་ལ། ལུང་དེར་མ་བྱུང་བ་ཙམ་གྱིས་སློབ་དཔོན་ཀླུས་མ་མཛད་པར་སྒྲུབ་ནུས་ན་དེར་བཤེས་པའི་སྤྲིངས་ཡིག་གི་མིང་ཡང་མ་བྱུང་བས་དེ་ཡང་སློབ་དཔོན་ཀླུས་མཛད་པའི་བསྟན་བཅོས་སུ་མི་འཐད་པར་འགྱུར་བའི་ཉེས་པ་འབྱུང་བར་དོགས་སོ།།

མཐའ་དོན་བསྡུ་བའི་གཏམ།
དེས་ན་སྤྱིར་ཚོགས་ཞེས་པ་ཁྱུ་དང་དོན་གཅིག་ཡིན་དུ་ཆུག་ཀྱང་། ཕག་པ་བཅུ་ཙམ་ཁྱུ་བྱས་ནས་འོངས་ཏེ་སོགས་བརྗོད་སྲོལ་ཡོད་པས་ཁྱུ་ཡིན་ན་གྲངས་མེད་ཡིན་དགོས་པའི་ངེས་པ་མེད་པས། རིགས་པའི་ཚོགས་ལ་གྲངས་ངེས་མཛད་པ་ལ་མི་འོས་པའི་སྐྱོན་གང་ཡང་མ་མཐོང་ཞིང་། རིགས་ཚོགས་ལྔ་དང་དྲུག་ལས་ཀྱང་དྲུག་ཏུ་འདོད་པ་དང་དེ་ཡང་ཐ་སྙད་སྒྲུབ་འདོད་པ་ལ་འཐད་ཕྱོགས་སུ་མཐོང་སྟེ། རྒྱ་གར་གྱི་པཎྜི་ཏ་དང་མཉམ་དུ་བགྲོ་གླེང་གནང་མྱོང་ཞིང་རྒྱ་གཞུང་ལ་ལེགས་པར་ཐོས་བསམ་བྱས་མྱོང་བའི་ལོ་ཙཱ་བའི་སློབ་མ་ཞིག་གི་ཞེ་འདོད་ཡིན་པ་གང་ཞིག་ལ་དེ་ལ་མི་འཐད་པའི་དགག་པ་གནད་དུ་བསྣུན་པ་ཞིག་རྒྱག་མཁན་སུ་ཡང་མ་བྱུང་མི་འདུག་པའི་ཕྱིར་རོ།།

ཞེས་པ་འདི་ཡང་ལོ་འགའི་སྔོན་དུ་མཁན་པོ་རྣམ་གྲོལ་རིན་པོ་ཆེའི་གསུང་སྒྲ་འཁོར་ནས་ཉན་ཞོར་དུ་བྲིས་པ་དེ་བཞིན་ཁ་བརྡའི་ཟིན་བྲིས་སྟེང་དུ་སྤེལ་བ་ལས་དེ་རིང་ཞི་གཡོག་གི་ཆོས་རྒྱུགས་ནང་ཞུགས་འདོད་པའི་སློབ་ཕྲུག་འགའ་ལ་དབུ་མའི་ཟུར་ཁྲིད་བྱེད་སྐབས་ཁོང་ལ་མཁོ་བར་མཐོང་ནས་འདིར་སྤེལ་བ་ལགས།

 

ལེགས་སོ།

འོ་ལེགས་སོ་ལེགས་སོ། གནམ་ཡས་ལུ་ཚེས་པའི་སྐར་མ་བཟང་ཤེས་པའི་ལེགས་སོ། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །བར་དུ་ཚེས་པ་རྒྱུ་སྐར་བཟང་ཤེས་པའི་ལེགས་སོ། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །ས་མས་ལུ་ཚེས་པའི་རྒྱུ་སྐར་བཟང་ཤེས་པའི་ལེགས་སོ། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །ངེའི་སྐར་བཟང་ཚེས་བཟང་འབྱོར་བའི་ཉི་མ་ཅིག་དྲོ། །རང་རྒྱལ་བ་བློ་ངོ་བདེ་བ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །ངེའི་བླ་མ་ལས་ཞུ་ན་ངག་དབང་རྣམ་རྒྱལ་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། ། བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། ངེའི་དཀོན་མཆོག་ལས་ཞུ་ན་རྡོ་རྗེ་གཞོན་ནུ་ལས་བཞུགས་ཡོད། རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། ངེའི་དགྲ་ལྷ་ལས་ཞུ་ན་རྨུག་བཙན་དགྲ་འཇོམས་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། །ངེའི་ཡུལ་ལྷ་ལས་ཞུ་ན་དཔལ་ལྡན་ལེགས་བུ་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། ངེའི་ཡུལ་མིང་ལས་ཞུ་ན་བཀྲ་ཤིས་དབང་འཛོམས་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །ལེགས་སོ་ལེགས་སོ། ངེའི་སྒོ་བཙན་ལས་ཞུ་ན་བཀྲ་ཤིས་རྒྱལ་མཚན་ལས་བཞུགས་ཡོད། །རང་རྒྱལ་བ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །བློ་ངོ་བདེ་བློ་ངོ་བདེ་དཔལ་ཆགས་པ་ལེགས་སོ། །

རོ་ཁྱི་འདི་ སྒོ་ཕྱུགས་ དྲག་ཤོས་ཅིག་ཨིན།[1]

རོ་ཁྱི་འདི་ མི་གི་ཆ་རོགས་འཆམ་ཤོས་ཅིག་སྦེ་ བརྩི་དོ་ཡོདཔ་བཞིན་དུ་ སྒོ་ཕྱུགས་ ཁྱད་པར་ཅན་ཅིག་ཨིན། རོ་ཁྱི་གི་ཁྱད་ཆོས་མཆོག་ཏུ་གྱུར་པ་ཅིག་འདི་ ཇོ་བདག་ལུ་ དད་པ་དང་ དམ་ཚིག་འགྱུར་བ་མེད་མི་འདི་ཨིན། ཁོང་གིས་ ང་བཅས་ ཁྱིམ་ནང་ལོག་པའི་སྐབས་ལུ་ གདོང་བསྐོར་འོངམ་མ་ཚད་ གནས་སྟངས་ག་ཅི་བཟུམ་ནང་ཐུག་རུང་ ང་བཅས་བཀོ་མི་བཞག། དཔེར་ན་ བི་བི་སི་གི་གནས་ཚུལ་ཅིག་ནང་ མི་ཅིག་རྐང་འཁོར་རྦོབ་རིལ་ཏེ་ རྐངམ་བཅགས་སྡོདཔ་ད་ རོ་ཁྱི་གིས་ཧབ་སྟེ་ ཉེན་སྲུང་སྡེ་ཚན་ཚུ་ འབོ་ཡོད་པའི་ གནས་ཚུལ་བཀོད་དེ་ཡོད་དོ་བཟུམ་ཅིག་ཨིན། དེ་བཟུམ་སྦེ་ རོ་ཁྱི་འདི་ ང་བཅས་སྲུང་སྐྱོབ་འབད་མི་ སེམས་ཅན་དྲག་ཤོས་ཅིག་ཨིན། རོ་ཁྱི་ཡོད་པའི་ཁྱིམ་འདི་ ཉེན་སྲུང་གི་འཕྲུལ་ཆས་ཡོད་མི་ ཁྱིམ་ལས་ཡང་ལྷགཔ་སྦེ་ ཉེན་སྲུང་ལྡནམ་སྦེ་ བརྩིཝ་ཨིན། ཁོང་གིས་ ཨར་རྐུན་ལས་ཉེན་སྲུང་འབད་བ་གིས་མ་ཚད་པར་ མེ་རྐྱེན་ལས་ཡང་ ཉེན་སྲུང་འབདཝ་ཨིན། དེ་ཡང་དཔེར་ན་ བི་བི་སིའི་གནས་ཚུལ་ཅིག་ནང་ ཨ་མི་རི་ཀ་ལུ་ ཁྱིམ་ཅིག་ནང་མེ་རྐྱེན་བྱུངམ་ད་ རོ་ཁྱི་ཅིག་གིས་ ཁོ་རའི་ཇོ་བདག་ མེ་རྐྱེན་ལས་ ཉེན་སྐྱོབ་འབད་ཡོད་པའི་ གནས་ཚུལ་བཀོད་དེ་ཡོད་དོ་བཟུམ་ཅིག་ཨིན། དེ་གིས་ཡང་མ་ཚད་ རོ་ཁྱི་ཚུ་ མི་ལུ་ཆ་རོགས་འབད་མི་སྦེ་ སྦྱོང་བརྡར་ཡང་སྦྱིན་བཏུབ། མི་གིས་འབད་མ་ཚུགས་པའི་ལཱ་ མང་རབས་ཅིག་ རོ་ཁྱི་གིས་འབད་ཚུགས། དཔེར་ན་ ཨར་རྐུན་དང་ བྱང་སྟོར་ཤོར་བའི་ཅ་ལག་ བཙོན་ཁང་ལས་བྱོལ་སོང་བའི་བཙོན་པ་ཆ་ཁྱབ་ རོ་ཁྱི་གིས་ དྲིམ་ཧུམ་སྟེ་ འཚོལ་འཐོབ་དོ་བཟུམ་ཅིག་ཨིན། རོ་ཁྱི་ཚུ་ མི་རྒན་རྒས་དང་ དབང་པོ་སྐྱོན་ཅན་ཚུ་ལུ་ ཞབས་ཕྱི་སྦེ་ཡང་ ལཱ་བཀོལ་དོ་ཡོདཔ་ཨིན། མདོར་བསྡུ་བ་ཅིན་ རོ་ཁྱི་ཚུ་ གཞུང་བཟང་དང་ བསམ་ཤེས་ཅན་ དེ་ལས་ ཐ་དམ་ཚིབ་བརྟན་པའི་ ཆ་རོགས་ཅིག་ཨིན།

[1] འབྲི་རྩོམ་འདི་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ སྐད་ཡིག་དང་རྩོམ་རིག་ལོ་ངོ་གཉིས་པའི་སློབ་ཕྲུག་ཚུ་ལུ་ འབྲི་རྩོམ་དོན་མཚམས་གཅིག་མ་ བྲི་ཐང་སློབ་སྟོན་འབད་བའི་སྐབས་ལུ་ ལེགས་བཤད་པའི་མིང་འཛིན་པ་ རྡོ་རྗེ་རྒྱལ་མཚན་གྱིས་ དཔེ་ཚད་སྦེ་ དབྱིན་སྐད་ཀྱི་འབྲི་རྩོམ་ཅིག་ལས་ དཔེ་བླངས་ཏེ་ བྲིས་བྲིཝ་ཨིན།

འབྲུག་གི་རྒྱལ་ས་ལྟེ་བའི་མིང་གི་འབྱུང་རབས།[1]

འབྲུག་གི་རྒྱལ་ས་ལྟེ་བའི་མིང་ལུ་ ཐིམ་ཕུ་ཟེར་ཡོངས་གྲགས་སོང་ཡོདཔ་ཨིན་རུང་ མིང་ངོ་མ་འདི་ མཐིང་ཡུལ་ཕུ་ཟེར་ ཨིན་མས། ཐིམ་ཕུ་ཟེར་མི་འདི་ ད་རེས་ནངས་པར་ ཡིག་ཐོག་ལུ་བརྟེན་ཏེ་ དར་ཁྱབ་སོང་སོངམ་མ་གཏོགས་ ཧེ་མ་ མང་ཤོས་ཅིག་གིས་ར་ མཐིང་ཕུ་ཟེར་ རྗེས་འཇུག་ང་གི་སྒྲ་བཏོན་ཏེ་ སླབ་ཨིན། ཡི་གུ་ལྷག་མ་ཤེས་མི་དང་ ཡི་གུ་ལྷག་ཤེས་མི་ཚུ་གི་གྲལ་ལས་ཡང་ ལ་ལུ་ཅིག་གིས་ ད་རེས་ནངས་པར་ཡང་ མཐིང་ཕུ་ཟེར་ར་ སླབ་ནི་འདུག། ཚངས་ལ་ཁ་རྐྱབ་མི་ལ་ལུ་ཅིག་གིས་ རྒྱལ་ས་ལྟེ་བ་ལུ་ མཐིང་ཕུ་ཟེར་སླབ་དགོ་མི་དེ་ རྒྱལ་ས་ལུ་སྡོད་མི་ཆ་ཁྱབ་ ལོངས་སྡོད་ནི་འདི་གིས་ ཨིན་མས་ཟེར་ དགོད་བྲོ་བསྒྱུར་མི་ཡང་ ཐོན་ཏེ་ཡོད། དེ་ལས་ ཡིད་ཆེས་དང་ཆ་བཞག་ཚུགས་པའི་དཔེ་ཆ་ དག་ཆ་ཕུད་རྡོག་གཅིག་ར་འཛོལ་བ་མེད་པར་ བྲིས་ཏེ་ཡོད་པའི་ སྤྱི་ཞིང་དགོན་པའི་བཀའ་འགྱུར་གྱི་དཀར་ཆག་ ཁག་གསུམ་དེ་ཅིག་ནང་ལས་ར་ མཐིང་ཡུལ་ཟེར་ཐོན་མས། མཐིང་ཡུལ་ཟེར་མི་འདི་ཡང་ ཡུལ་ལུང་དེ་ནང་ མཐིང་ངེ་ལེ་ཤ་སྐྱེས་ནི་འདི་གིས་ དེ་སྦེ་བཏགས་བཏགསཔ་ཨིན་མས། ཐིམ་ཕུ་གི་མཇུག་ལུ་ ཆུ་འཛོམས་ལས་ སྤ་རོ་ཟླ་བ་ཁར་འགྱོ་སའི་ལམ་ཁར་ མཐིང་ངེ་ལེ་ཤ་སྐྱེས་ཏེ་ཡོད་པའི་ སྤང་ཅིག་ཡོད་མི་དེ་ལུ་ ད་ལྟོའི་བར་ན་ཡང་ མཐིང་ངེ་སྤང་ཟེར་སླབ་ཨིན། མ་གཞི་ ཐིམ་ཕུའི་མིང་གི་འབྱུང་རབས་ ཀུན་དགའ་སེངྒེའི་སྐབས་ བདེ་ཆེན་ཕུ་ལུ་ དགེ་བསྙེན་ཇག་པ་མེ་ལེན་ རྡོ་ཅིག་གུ་ཐིམ་སོང་པའི་ལོ་རྒྱུས་དང་འབྲེལ་ཏེ་བཤད་སྲོལ་ཡོད་རུང་ ཐིམ་ཕུ་ཟེར་བའི་མིང་དེ་ དེ་གི་ཧེ་མ་ལས་ར་ སླབ་སྲོལ་སྡོད་ནུག། དེ་ཚུ་ལུ་བརྟེན་ཏེ་བལྟཝ་ད་ ཐིམ་ཕུ་ཟེར་མི་འདི་ མཐིང་ངེ་ཕུ་འམ་ མཐིང་ཡུལ་ཕུ་ཟེར་བའི་ཚིག་ ཚུར་བསྡུ་སྟེ་ མཐིང་ཕུ་ཟེར་སླབ་མི་དེ་ སྒྲ་ཉམས་འགྱོ་འགྱོཝ་ཨིནམ་ ཐག་ཆོད་པས།

[1] འབྲི་རྩོམ་འདི་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ སྐད་ཡིག་དང་རྩོམ་རིག་ལོ་ངོ་གཉིས་པའི་སློབ་ཕྲུག་ཚུ་ལུ་ འབྲི་རྩོམ་དོན་མཚམས་གཅིག་མ་ བྲི་ཐང་སློབ་སྟོན་འབད་བའི་སྐབས་ལུ་ ལེགས་བཤད་པའི་མིང་འཛིན་པ་ རྡོ་རྗེ་རྒྱལ་མཚན་གྱིས་ དཔེ་ཚད་སྦེ་ བྲིས་བྲིཝ་ཨིན།

འབྲུག་ལུ་ཡིག་འགྲུལ་གྱི་བྱུང་རབས་མདོར་བསྡུས།

འབྲུག་ལུ་ཡིག་འགྲུལ་གྱི་བྱུང་རབས་མདོར་བསྡུས།

རྡོ་རྗེ་རྒྱལ་མཚན།

༈ ཡིག་འགྲུལ་གྱི་ལམ་ལུགས་འདི་ འཛམ་གླིང་ནང་ལུ་ རྒྱལ་རབས་མཁན་ཚུ་གིས་ ཡིག་གཟུགས་གསར་བཏོད་འབད་བའི་ནམ་དུས་ལས་ར་ བྱུང་[1]ཡོད་པའི་ ཚོད་དཔགས་འབད་དོ་བཟུམ་སྦེ་ འབྲུག་ལུ་ཡང་ ཡི་གུ་འབྲི་ནི་གི་ ལམ་སྲོལ་འགོ་བཙུགས་པའི་སྐབས་ལས་ར་ བྱུང་ཡོདཔ་འོང་ནི་ཨིན་རུང་ ཡིག་ཐོག་ལུ་བཀོད་དེ་ཡོད་མི་འདི་ ཧ་ཤོས་ར་ དུས་རབས་༡༣་པ་ནང་ ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་ ལྷ་ནང་པ་གཉིས་ཀྱི་བར་ན་ ཕན་ཚུན་བརྗེ་སོར་འབད་མི་དེ་[2]ཨིན་མས། དེ་གི་ཤུལ་ལས་ དུས་རབས་༡༥་པའི་ནང་ པདྨ་གླིང་པ་གིས་ ཤར་གདོང་ཁའི་རྒྱལ་པོ་དང་ ལྷ་ལུང་ནང་སོ། རྒྱལ་མཁར་རྩེའི་བདག་མོ། ཀུར་སྟོད་ཤ་ཝ་དགོན་པའི་བླམ་ནམ་མཁའ་བསམ་གྲུབ།[3] སུམ་འཕྲང་གི་བླམ་དཔལ་ལྡན་བཟང་པོ་[4]ཚུ་གིས་གཙོས་པའི་ བོད་འབྲུག་གཉིས་ལུ་ཡོད་པའི་ སྦྱིན་བདག་དང་ ཞལ་སློབ་ཚུ་དང་གཅིག་ཁར་ ཕན་ཚུན་ཡིག་འགྲུལ་ རྒྱ་ཆེ་དྲགས་སྦེ་ར་འཐབ་ནུག །

དུས་རབས་༡༦་པ་ནང་ ཞབས་དྲུང་རིན་པོ་ཆེ་གིས་ བོད་ཀྱི་སྡེ་སྲིད་གཙང་པ་དང་ རྒྱ་གར་ཀུཆ་བི་ཧར་གྱི་རྒྱལ་པོ་ དེ་ལས་འབྲུག་གི་སྦྱིན་བདག་ཚུ་ལུ་ བཀའ་ཤོག་གནང་མི་ཚུ་[5] ལ་ལུ་ཅིག་ ད་ལྟོའི་བར་ན་ཡང་ དངོས་སུ་མཇལ་ས་འདུག །དེ་ལས་ སྡེ་སྲིད་འབྲུག་རབ་རྒྱས་དང་ བོད་ཀྱི་རྒྱལ་པོ་སོག་པོ་ལྷ་བཟང་ཁང་གཉིས་ཀྱི་བར་ན་ ཡིག་འགྲུལ་བརྗེ་སོར་འབད་མི་དེ་ཡང་ འབྲུག་གི་རྒྱལ་རབ་ནང་ བཀོད་དེ་འདུག །[6] དེ་བསྒང་  ཡི་གུ་དེ་ འབྲི་གཞི་ཤོག་ཀུ་གུ་ དབུ་ཅན་དང་དབུ་མེད་ཀྱི་ཐོག་ལས་ ཆོས་སྐད་ནང་བྲིས་དོ་ཡོདཔ་ད་ ཡི་གུ་བསྒྲིལ་ཞིན་ལས་ ལ་ཆ་གིས་ཐེལ་ཙེ་རྐྱབ་སྦེ་ མི་ཆེད་མངགས་སྦེ་བསྐྱལ་བར་བཏང་ནི་དང་ ཡང་ན་ འགྲོ་འགྲུལ་པའི་ལག་པར་ བསྐྱལ་གཏང་དོ་ཡོདཔ་ཨིན་མས།[7]

དེ་ལས་ སྡེ་སྲིད་༣༢་པ་ལས་ གོང་ས་འཇིགས་མེད་རྣམ་རྒྱལ་ཚུན་ཚོད་ཀྱི་བར་ན་ ཨ་སམ་ཌུ་ཝར་དང་ བེང་གཱལ་ཌུ་ཝར་གྱི་སྐོར་ལས་ འབྲུག་དང་ རྒྱ་གར་ལུ་ཡོད་པའི་དབྱིན་གཞུང་སྐུ་ཚབ་ཀྱི་བར་ན་ ཡིག་འགྲུལ་ མང་རབས་ཅིག་ འཐབ་ཡོདཔ་མ་ཚད་ ཆིངས་ཡིག་ཡང་ གསུམ་དེ་ཅིག་ར་ བཟོ་ནུག[8] །ཨིན་རུང་ དེ་བསྒང་ ཡི་གུ་དང་ཁ་སྐད་ག་ཅི་ ལག་ལེན་འཐབ་ཡོདཔ་ཨིན་ན་ ཤེས་མི་ཚུགས་པས། སྐྱེལ་འདྲེན་གྱི་ཐད་ལུ་ མི་སེར་ཚུ་གིས་ རང་སོའི་ས་རིམ་དང་འཁྲིལ་ཏེ་ རྐང་རྒྱུགས་ཟེར་བའི་ འུར་ལཱ་གི་ཐོག་ལས་ བསྐྱལ་སྲོལ་ཡོདཔ་ཨིན་མས།[9]

སྤྱི་ལོ་༡༩༦༠་ནང་ གཞུང་འབྲེལ་གྱི་ཡིག་འགྲུལ་ དབྱིན་སྐད་ཀྱི་ཐོག་ལས་ འཐབ་ནི་འགོ་བཙུགས་ཡོདཔ་ད་[10] ༡༩༧༠་ནང་ལས་ རྫོང་ཁ་རྒྱལ་ཡོངས་སྐད་ཡིག་སྦེ་ ངོས་འཛིན་གནང་[11]ཞིནམ་ལས་ཚུར་ གཞུང་འབྲེལ་ཡིག་འགྲུལ་ དབྱིན་རྫོང་ཟུང་འབྲེལ་གྱི་ཐོག་ལས་ ལག་ལེན་འཐབ་ནུག །དུས་ཚོད་དེམ་ཅིག་ཁ་ལས་ཚུར་ ཡིག་འབྲི་མཁོ་ཆས་ཡང་ མཛུབ་གནོན་ལྕགས་པར་དང་ གློག་རིག་ཚུ་ ལག་ལེན་འཐབ་ནི་འགོ་བཙུགས་ནུག[12]

སྤྱི་ལོ་༡༩༥༥་ལུ་ ནང་འཁོད་འགྲེམས་འགྲུལ་ཞབས་ཏོག་ཅིག་ འགོ་བཙུགས་ཡོདཔ་ད་ ཞབས་ཏོག་འདི་ རྫོང་ཁག་གིས་སྦེ་ འགོ་འདྲེན་འཐབ་ནི་འདི་གིས་ མིང་ཡང་ རྫོང་སྦྲགས་ཟེར་སླབ་སྲོལ་ བྱུང་ཡོདཔ་ཨིན་མས།[13] ཞབས་ཏོག་འདི་སྤྱོད་ནི་གི་དོན་ལུ་ ཡི་གུ་ཡིག་ཤུབས་ནང་བཙུགས་ཞིན་ལས་ ཁྲལ་བབས་ཀྱི་རྟགས་སྦྱར་ཏེ་ བསྐྱལ་དགོ་དོ་ཡོདཔ་ཨིན་མས།

སྤྱི་ལོ་༡༩༦༢་ལུ་ འབྲུག་གཞུང་གིས་ འགྲེམས་རྟགས་གསར་བཏོན་འབདཝ་དང་གཅིག་ཁར་ འགྲེམས་དང་ལྕགས་འཕྲིན་ལས་ཁུངས་ཟེར་བའི་ ལས་ཁུངས་ཅིག་གཞི་བཙུགས་འབད་དེ་ རྒྱལ་སྤྱིའི་འགྲེམས་འགྲུལ་གྱི་ཞབས་ཏོག་ འགོ་བཙུགས་ནུག །[14]ཧེ་མ་ འགྲེམས་ཡིག་ཚུ་ མི་དང་རྟ་གིས་སྦེ་ སྐྱེལ་འདྲེན་འབད་སྡོད་ས་ལས་ དུས་དེ་ལས་ཚུར་ མི་མང་སྐྱེལ་འདྲེན་ཞབས་ཏོག་བརྒྱུད་དེ་ སྐྱེལ་འདྲེན་འབད་ཡོད་པའི་ཁར་ སྤྱི་ལོ་༡༩༩༧་ལས་ འབྲུག་འགྲེམས་ཁོང་ར་གིས་ འགྲེམས་ཡིག་སྐྱེལ་འདྲེན་གྱི་ཞབས་ཏོག་ཡང་ གསར་བཙུགས་འབད་ནུག །

དེ་སྦེ་ ཡིག་འགྲུལ་གྱི་ལམ་ལུགས་ལུ་ འགྱུར་བ་རིམ་པ་བཞིན་དུ་ བྱུང་པའི་མཐའ་མར་ སྤྱི་ལོ་༡༩༩༩་ལུ་ འབྲུག་ལུ་ ཡོངས་འབྲེལ་གྱི་ཞབས་ཏོག་དང་ སྤྱི་ལོ་༢༠༠༣་ལུ་ འགྲུལ་འཕྲིན་གྱི་ཞབས་ཏོག་ལྷོད་ཞིན་ལས་ཚུར་ ཡིག་འགྲུལ་གྱི་ལམ་ལུགས་ལུ་ འགྱུར་བ་བསམ་ཡུལ་ལས་འདས་པ་བྱུང་ནུག་གོ།

 

 

 

 

[1] https://en.wikipedia.org/wiki/Mail. སྤྱི་ཚེས་ 10.08.2016 ལུ་ བལྟ་ཡོདཔ་ཨིན།

[2] པདྨ་ཚེ་དབང་། (2008) ལྡེབ་131-34

[3] པདྨ་གླིང་པ། (2013) ལྡེབ་264, 238, 270, 174

[4] པདྨ་གླིང་པ། (n.d) ལྡེབ་70

[5] སངས་རྒྱས་རྡོ་རྗེ། (1999) ལྡེབ་133, 162-63, 93.

[6] པདྨ་ཚེ་དབང་། (2008) ལྡེབ་484-486

[7] གཏོང་ལེན་གྱི་ལམ་ལུགས་ཀྱི་ཐད་ལུ་ འབྲུག་དཀར་པོ་ནང་ལུ་ཡང་ དེ་སྦེ་ར་ བཀོད་ནུག། གནག་མདོག (1986) ལྡེབ་50-51. ནང་ལུ་གཟིགས། དེ་ལས་ འབྲི་གཞི་དང་མཁོ་ཆས་ ཡིག་གཟུགས་དང་སྐད་ཡིག་ཚུ་གི་ཐད་ ལ་ལུ་གོང་གསལ་འབྲེལ་ཡོད་ལོ་རྒྱུས་ཚུ་ནང་ར་ དངོས་སུ་བཀོད་འདུག་པའི་ཁར་ ལ་ལུ་ ཤུགས་ཀྱིས་ རྟོགས་ཚུགས་པས།

[8] པདྨ་ཚེ་དབང་། (2008) ལྡེབ་678-815

[9] དམ་ཆོས་ལྷུན་གྲུབ། (2008) ལྡེབ་250-51, གནག་མདོག (1986) ལྡེབ་50-51

[10] ཡིག་ཐོག་གི་ལོ་རྒྱུས་ཚུ་ནང་ དབྱིན་སྐད་ སློབ་སྟོན་སྐད་ཡིག་སྦེ་ ལག་ལེན་འཐབ་འགོ་བཙུགས་པའི་སྐོར་མ་གཏོགས་ གཞུང་འབྲེལ་སྐད་ཡིག་སྦེ་ལག་ལེན་འཐབ་འགོ་བཙུགས་པའི་ལོ་རྒྱུས་མེད་རུང་ དུས་ཚོད་དེ་ཅིག་ལས་ཚུར་ འཛམ་གླིང་སྤྱི་ཚོགས་ནང་འཛུལ་ཞུགས་འབད་ནི་དང་ ཕྱིའི་རྒྱལ་ཁབ་གཞན་དང་འབྲེལ་བ་འཐབ་ནི་ཚུ་ འགོ་བཙུགས་ཡོདཔ་མ་ཚད་ དེ་བསྒང་གི་ཡིག་ཆ་ ཐ་ན་ རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་ཚུ་ཡང་ དབྱིན་སྐད་ནང་ཡོདཔ་ལས་ དེ་བསྒང་ལས་ དབྱིན་སྐད་གཞུང་འབྲེལ་གྱི་སྐད་ཡིག་སྦེ་ ལག་ལེན་འཐབ་འགོ་བཙུགས་ཡོདཔ་ ཐག་ཆོད་པས་མནོཝ་མས།

[11] http://www.dzongkha.gov.bt/intro/background.php. སྤྱི་ཚེས་10.08.2016 ལུ་ བལྟ་ཡོདཔ་ཨིན།

[12] མཛུབ་གནོན་ལྕགས་པར་དང་གློག་རིག་ཚུ་ སྤྱི་ལོ་༡༩༨༠་གྱ་གྲངས་ནང་ ལག་ལེན་འཐབ་ཡོདཔ་ ར་འཕྲོད་བྱུང་རུང་ ནམ་ལས་ལག་ལེན་འཐབ་ནི་འགོ་བཙུགས་ཡོདཔ་ཨིན་ནའི་སྐོར་ ལོ་རྒྱུས་ཡིག་ཐོག་བཀོད་བཀོདཔ་མིན་འདུག །

[13] https://en.wikipedia.org/wiki/Postage_stamps_and_postal_history_of_Bhutan 

[14] http://www.bhutanpost.bt/history.php 

ཁུངས་གཏུགས་ཡིག་ཆ།

པདྨ་གླིང་པ། (2013) གཏེར་སྟོན་པདྨ་གླིང་པའི་རྣམ་ཐར། (ཀརྨ་ཕུན་ཚོགས། རྩོམ་སྒྲིག་པ་) ཐིམ་ཕུ། ཤེས་རྒྱུན།

པདྨ་གླིང་པ། (n.d) རིག་འཛིན་པདྨ་གླིང་པའི་བཀའ་འབུམ་ཡིད་བཞིན་གཏེར་མཛོད་ལས་བསླབ་བྱ་ཞུ་ལན་གྱི་སྐོར། ཤིང་སྤར།

པདྨ་ཚེ་དབང་། (2008) འབྲུག་གི་རྒྱལ་རབས་འབྲུག་གསལ་བའི་སྒྲོན་མེ། (རྡོ་རྗེ་རྒྱལ་མཚན། སྐད་འགྱུར།) ཐིམ་ཕུ། ཀེ་ཨེམ་ཀྲི། (མ་དཔེ་དཔེ་སྐྲུན་1999)

དམ་ཆོས་ལྷུན་གྲུབ། (2008) ལོ་ངོ་བརྒྱ་ཕྲག་གི་གོང་འཕེལ། ཐིམ་ཕུ། ཀེ་ཨེམ་ཀྲི།

གནག་མདོག (1986) འབྲུག་དཀར་པོ། འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་གནས་སྟངས། བུམ་ཐང་། ཐར་པ་གླིང་གྲྭ་ཚང་།

སངས་རྒྱས་རྡོ་རྗེ། (1999) དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར། ཐིམ་ཕུ། འབྲུག་གཞུང་རྫོང་ཁ་གོང་འཕེལ་ལྷན་ཚོགས།

དཔའ་བོ་དང་མཁའ་འགྲོའི་གོ་དོན།

དཔའ་བོ་དང་མཁའ་འགྲོ་ཞེས་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་འཇོག་པ་ཡིན་ལ། རེས་འགའ་ནི་སྐྱེས་པའི་ཚུལ་གྱི་སངས་རྒྱས་ལ་དཔའ་བོ་དང་། བུད་མེད་ཀྱི་ཚུལ་གྱི་སངས་རྒྱས་ལ་མཁའ་འགྲོར་འཇོག་པ་ཡོད་དོ། །མ་ དང་མཁའ་འགྲོ་ཞེས་པ་ནི། དཀྱིལ་འཁོར་གཅིག་ཉིད་ཀྱི་གཙོ་མོ་ལ་མ་དང་། འཁོར་གྱི་མཁའ་འགྲོ་ལ་འཁའ་འགྲོ་རུ་འཇོག་པ་ཡིན་ནོ། །སྦས་པའི་དཔའ་བོ་དང་། སྦས་པའི་མཁའ་འགྲོ་ཞེས་པ་ནི། གང་ཟག་དེ་ཉིད་ད་ལྟ་དཔའ་བོ་དང་། མཁའ་འགྲོ་ཡིན་ཀྱང་། དེ་ཡིན་པར་གང་ཟག་གཞན་གྱིས་མི་ཤེས་ཤིང་། ཡོན་ཏན་གྱི་རྣམ་པ་ད་ལྟ་མི་སྟོན་ཀྱང་། བདུག་ཅན་འདུལ་བ་སོགས་དང་། བསྟན་པ་སྐྱོང་བ་སོགས་དང་། དེ་དག་སྐུ་ཚེའི་འདུ་བྱེད་སྟོང་པའི་ཚེ། དཔའ་བོ་དང་མཁའ་འགྲོ་ཡིན་པའི་རྟགས་བསྟོན་པའོ། །མངོན་གསུམ་གྱི་དཔའ་བོ་མཁའ་འགྲོ་ནི། སངས་རྒྱས་སྐུ་གསུམ་གྱི་ཡབ་ཀྱི་ཆ་ལ་དཔའ་བོ་དང་། ཡུམ་གྱི་ཆ་ལ་མཁའ་འགྲོར་འཇོག་པ་ཡིན་ནོ། །

ཞེས་པ་དེ་ཡང་བློ་གྲོས་རབ་ཡངས་ཀྱི་གསང་བའི་རྣམ་ཐར་ལས་གསུངས་སོ༎

ང་བཅས་ཀྱི་ཨེ་པཱལ་ཤིང་།

དང་ཕུ་དིང་ཕུ་ ཨེ་པཱལ་ཤིང་སྦོམ་ཅིག་ ཡོདཔ་ཨིན་མས། ཤིང་དེ་གི་རྩ་བར་ ཉིནམ་ཨ་རྟག་ར་ ཨ་ལོ་ཆུང་ཀུ་ཅིག་ རྩེདམོ་རྩེ་བར་ འོང་དོ་ཡོདཔ་མས། ཁོ་གིས་ ཤིང་དེ་གུར་ འཛེགས་ཏེ་ ཨེ་པཱལ་ཚུ་ བཏོགས་བཟའ། ཤིང་དེ་གི་ གྱིབ་མ་ནང་ ཉལ་སྦེ་ སྡོད་དོ་ཡོདཔ་མས།

ཁོ་གིས་ ཤིང་དེ་ལུ་ གནམ་མེད་ས་མེད་ དགའ་དོ་ཡོདཔ་ད་ ཤིང་དེ་གིས་ཡང་ ཁོ་དང་ཆ་ རྩེདམོ་རྩེ་ནི་ལུ་ དགའ་དོ་ཡོདཔ་མས། དུས་ཚོད་ རིམ་པ་བཞིན་དུ་ འགྱོཝ་ད་ ཨ་ལོ་ཆུང་ཀུ་དེ་ སྦོམ་ཐལ་ཏེ་ བུཚ་གཞོན་ཅུང་ཅིག་ལུ་ གྱུར་སོ་ནུག། དེ་ལས་ བུཚ་དེ་གིས་ ཤིང་དེ་གི་ རྩ་བར་ རྩེདམོ་རྩེ་ནི་ཡང་ བཤོལ་ད་ནུག།

ཉིནམ་གཅིག་ བུཚ་དེ་ ཤིང་དེ་གི་རྩ་བར་ ལོག་འོངས་སྦེ་ གདོང་སྐྱོ་མདོག་ ཤིག་ཤི་སྦེ་ སྡོད་ནུག།

ཤིང་དེ་གིས་ བུཚ་དེ་སྒྱིམ་ “རྩེདམོ་རྩེ་གེ་ ཤོག་དབའེ་” ཟེར་སླབ་ནུག།

“ང་ཨ་ལོ་ཆུང་ཀུ་ བཟུམ་སྦེ་ ཤིང་གི་ རྩ་བར་ རྩེདམོ་རྩེ་བའི་ སྤྱོ་མེད་” བུཚ་དེ་གིས་ ལན་དེ་སྦེ་ སླབ་ནུག། “ང་ རྩེད་ཆས་ ཉོ་ནི་གི་ ཏི་རུ་ དགོ་པས།”

“ཡཱ༑ ང་ལུ་ ཏི་རུ་འདིནི་མེད་ སྟེ། དེ་འབདཝ་ད་ ཁྱོད་ར་ ངེའི་ཨེ་པཱལ་ཚུ་ བཏོགས་འབག་སྦེ་ བཙོང་ད་ སྟེ།”

བུཚ་དེ་ གནམ་མེད་ས་མེད་ སེམས་དགའ་ཆི་ནུག། ཁོ་གིས་ ཨེ་པཱལ་ཚུ་ ག་ར་བཏོགས་འབག་སྦེ་ ཡར་སོ་ནུག། བུཚ་དེ་ ཨེ་པཱལ་ བཏོགས་འབག་པའི་ཤུལ་ལས་ ལོག་སྟེ་ར་ མ་འོངས་པས། ཤིང་དེ་ ཁོ་ར་རྐྱངམ་གཅིག་ སེམས་མ་དགའ་བར་ སྡོད་ནུག།

ཉིནམ་གཅིག་འབདཝ་ད་ བུཚ་དེ་ ལོག་འོངས་ནུག། འདི་བསྒང་ལས་ ཁོ་སྦོམ་ཐལ་ཏེ་ ཕོ་རྒྱ་དོས་རི་རི་ཅིག་ལུ་ ཐལ་ཡོདཔ་ཨིན་མས། ཤིང་དེ་ གནམ་མེད་ས་མེད་ སེམས་དགའ་ནུག།

ཤིང་གིས་  “རྩེདམོ་རྩེ་གེ་ ཤོག་”  ཟེར་སླབ་ནུག།

“ང་ ང་རའི་ བཟའ་ཚང་གི་ དོན་ལུ་ ལཱ་འབད་དགོཔ་ ལེ་ཤ་ཡོདཔ་ལས་ རྩེདམོ་རྩེ་སྡོད་ལོང་མེད། འདི་ལས་འདི་ ང་བཅས་བཟའ་ཚང་ཚུ་གི་ དོན་ལུ་ ཁྱིམ་ཅིག་ དགོཔ་ཐོན་ཡོདཔ་ལས་ ཁྱོད་ཀྱིས་ གྲོགས་རམ་ཅིག་ འབད་མི་ཚུགས་ག?”

“ཡཱ༑ ང་ལུ་ ཁྱིམ་འདི་མེད་ སྟེ། དེ་འབདཝ་ད་ ཁྱོད་ར་ ངེའི་གཞལ་ལག་ཚུ་ བཏོགས་འབག་སྦེ་ ཁྱིམ་རྐྱབ་ད་ སྟེ།” མི་དེ་ སེམས་དགའ་སྟེ་ གཞལ་ལག་ཚུ་ ཆ་མཉམ་ར་ བཏོགས་འབག་སྦེ་ ཡར་སོ་ནུག། མི་དེ་ སེམས་དགའ་ས་མཐོང་སྟེ་ ཤིང་དེ་ཡང་ སེམས་དགའ་ནུག། ཨིན་རུང་ མི་དེ་གིས་ ལོག་སྟེ་ ཚར་གཅིག་ར་ འོངས་བལྟ་མ་བཏུབ་ལས་ ཤིང་དེ་ ད་རུང་ སེམས་མ་དགའ་བར་ སྡོད་ནུག།

གནམ་བྱར་ ཚདཔ་འཚིགས་པའི་ དུས་གཅིག་ལུ་ ཕོ་རྒྱ་དེ་ ད་རུང་ ལོག་ལྷོད་ནུག།

ཤིང་དེ་ གནམ་མེད་ས་མེད་ སེམས་དགའ་སྟེ་ “རྩེདམོ་རྩེ་གེ་ ཤོག་དབའེ་” ཟེར་སླབ་ནུག།

“ད་ ང་ལོ་ན་རྒས་སོངཔ་ལས་ ཀོ་གྲུ་རེ་བཏང་སྦེ་ ལྷོད་ལྷོད་སྦེ་ སྡོད་ནི་སྦེ་ཨིན། ཁྱོད་ཀྱིས་ ང་ལུ་ ཀོ་གྲུ་ཅིག་ ཆ་རོགས་ འབད་མི་ཚུགས་ག?” ཕོ་རྒྱ་དེ་གིས་ དེ་སྦེ་སླབ་ནུག།

“ངེའི་ཤིང་སྡོང་འདི་ བཏོགས་འབག་སྦེ་ བཟོ་ད་ སྟེ།” ཕོ་རྒྱ་དེ་གིས་ ཤིང་སྡོང་དེ་ བཏོགས་འབག་སྦེ་ ཀོ་གྲུ་བཟོ་ད་ནུག། དེ་ལས་ དུས་ཡུན་ལེ་ཤ་ཅིག་གི་རིང་ལུ་ གདོང་ར་ སྟོན་མ་བཏུབ་པས།

ལོ་ལེ་ཤ་ཅིག་གི་རྒྱབ་ལས་ ད་རུང་ ཚར་གཅིག་ ལོག་ལྷོད་ནུག། དེ་བསྒང་ལས་ ཤིང་གིས་སླབ་ནུག། “ཡཱ༑ ད་ང་ལུ་ ཁྱོད་ལུ་སྦྱིན་ནི་གི་ཅ་ལ་ ག་ནི་ཡང་མེད་ སྨ་རེད། ཨེ་པཱལ་འདིནི་ ག་ར་རྫོགས་སོ་ཡི།” དེ་སྦེ་སླབ་ད་ མི་དེ་གིས་ སླབ་ནུག། “ཁྱད་མེད་ ཁྱད་མེད། ཨེ་པཱལ་ཟ་བར་ ང་ལུ་སོ་རང་མེད།”

“ཤིང་གུར་ འཛེགས་བཅུག་ནི་ས་ ཤིང་སྡོང་ཡང་ མེད།” ཤིང་དེ་གིས་ དེ་སྦེ་སླབ་ད་ མི་དེ་གིས་ དེ་སྦེ་སླབ་ནུག། “ད་ ལོ་ན་རྒས་ནི་འདི་གིས་ ཤིང་སྡོང་གུར་ཡང་ འཛེགས་མི་ཚུགས་པས།” “ང་གིས་ ཁྱོད་ལུ་ ག་ནི་ཡང་ སྦྱིན་མི་ཚུགས་པས།” ཤིང་དེ་གིས་ མིག་ལུ་ མིག་ཆུ་དང་བཅསཔ་སྦེ་ སླབ་ནུག།

“ང་ལུ་ དགོཔ་ག་ཅི་ཡང་མེད། ཨིན་རུང་ ང་ གནམ་མེད་ས་མེད་ ཐང་ཆད་དེ་ཡོདཔ་ལས་ ངལ་འཚོ་སྦེ་སྡོད་ས་ཅིག་ དགོཔ་ཡོད།” མི་དེ་གིས་ དེ་སྦེ་སླབ་ནུག།

“ཡ་ཡ། དེ་འབད་བ་ཅིན་ ངལ་འཚོ་ས་ དགའ་ཤོས་ར་ ཤིང་སྐམ་གྱི་ར་ཏོ་ཨིན། ཁྱོད་ར་ ངེའི་གུ་སྡོད་སྦེ་ ངལ་འཚོ་ཤིག་” ཟེར་སླབ་ནུག།

འ་ནི་འདི་ ང་བཅས་ག་ར་གི་ སྲུང་ཨིན། ཤིང་དེ་ ང་བཅས་རའི་ ཕམ་བཟུམ་ཅིག་ཨིན། ང་བཅས་ར་ ཆུང་ཀུ་སྦེ་ སྡོད་པའི་སྐབས་ལུ་ ཨ་པ་དང་ཨའི་གཅིག་ཁར་ རྩེདམོ་རྩེ་ནི་ལུ་ དགའཝ་ཨིན་རུང་ སྦོམ་འགྱོ་བའི་སྐབས་ལུ་ ང་བཅས་ཀྱིས་ ཁོང་བཀོ་བཞག་སྦེ་ རང་ལུ་དགོཔ་ཁག་ཆེཝ་དང་ རང་ལུ་དཀའ་ངལ་ཅིག་ མ་ཐོན་ཚུན་ཚོད་ ཁོང་འབད་སར་ ལོག་འགྱོ་བའི་སྤྱོ་མེད། ང་བཅས་ཀྱིས་ ག་དེ་སྦེ་འབད་རུང་འབད། ཕམ་ཚུ་གིས་ ཨ་རྟག་ར་ ང་བཅས་ལུ་ རྒྱབ་སྐྱོར་འབདཝ་མ་ཚད་ ང་བཅས་དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་སྡོད་ནི་གི་དོན་ལུ་ ཁོང་ལུ་ཡོད་ཚད་གཅིགཔོ་ ང་བཅས་ལུ་སྦྱིནམ་ཨིན།

ཁྱེད་ཀྱིས་ ཨ་ལོ་དེ་ ཤིང་དེ་ལུ་ ཐ་དམ་ཚིག་མེད་མི་ཅིག་ ཨིན་མས་ཟེར་མནོ་འོང་ག་ཡང་མི་ཤེས། དེ་འབདཝ་ད་ ང་བཅས་ཀྱིས་ ང་བཅས་རའི་ཕམ་ལུ་ ཆ་བཞག་བསྐྱེད་ཐང་ཡང་ འདི་དང་དབྱེ་བ་ག་ནི་ཡང་མེད།  ང་བཅས་ཀྱིས་ ཕམ་གྱིས་སྦྱིན་མི་དང་ ཕམ་གྱིས་འབད་མི་ཚུ་ ང་བཅས་རའི་ཐོབ་ཐང་བཟུམ་ཅིག་སྦེ་བརྩིས་ཏེ་ དགའ་ཚོར་ ཆུང་ཀུ་ཅིག་ར་ བསྐྱེད་པའི་སྤྱོ་མེད། ང་བཅས་ཀྱིས་ ཁོང་གི་རྐང་ཁྲི་སྟོངམ་མཐོངམ་ད་རྐྱངམ་གཅིག་ དགའ་ཚོར་སེམས་ཁར་དྲནམ་ཨིན། དེ་བསྒང་ལས་ དུས་ཚོད་ཕྱིསཔ་ལས་ བློ་འགྱོད་བསྐྱེད་པའི་གཞི་ར་ཨིན། དེ་འབདཝ་ལས་ སྲུང་འདི་གི་བཅུད་དོན་འདི་ ད་ལྟོ་ལས་ར་ རང་གི་ཕམ་ལུ་ ཆ་བཞག་དང་ བརྩི་མཐོང་བསྐྱེད་དེ་ གཅེས་སྐྱོང་འབད་དགོ་ཟེར་བའི་དོན་སྟོནམ་ཨིན་མས།

༼སྲུང་དེ་ ངོ་དེབ་ནང་ལས་ སྐད་བསྒྱུར་རྐྱབ་སྟེ་ བྲིས་བྲིཝ་ཨིན།༽

སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་ལོ་རྒྱུས།

དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་འདི་ གཏེར་སྟོན་པདྨ་གླིང་པའི་ཞལ་སློབ་ རྟོགས་པ་རང་དང་མཉམ་པ་ འདུལ་འཛིན་དམ་པ་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་གྱི་སྐུ་སྐྱེས་ པདྨ་གླིང་པའི་གདུང་འཛིན་ཐུགས་སྲས་ཟླ་བ་རྒྱལ་མཚན་གྱི་སྲས་སྦེ་འཁྲུངས་མི་ སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པ་རྒྱལ་སྲས་པདྨ་ཕྲིན་ལས་མཆོག་གིས་ སྔོན་བྱོན་རྒྱལ་བ་གོང་མའི་ལུང་བསྟན་དང་འཁྲིལ་ཏེ་ ཕྱག་བཏབ་གནང་གནངམ་ཨིན་མས།  དེ་ཡང་ གཏེར་སྟོན་གྱི་རྒྱལ་པོ་རིག་འཛིན་པདྨ་གླིང་པ་མཆོག་ ཕོབ་སྦྱིས་ཁ་ལུ་བྱོན་པའི་དུས་སྐབས་ཅིག་ལུ་ གཡུས་གསར་ལས་ཞལ་ཡར་བསྒོར་ཞིན་ན་ ད་ལྟོ་ལྷ་ཁང་ཡོད་ས་ཁ་ཐུག་ཕྱག་མཛུབས་དཔགས་སྦེ་ ”མ་འོངས་པ་ནང་ཨ་ཡི་སྒང་ཏོག་གུ་ལས་ ངེའི་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་འོང་” ཟེར་ལུང་བསྟན་གནང་ཡོདཔ་ཨིན་མས། དེ་བཟུམ་སྦེ་ པདྨ་གླིང་པའི་སྤྲུལ་སྐུ་ གསུང་སྤྲུལ་རྒྱལ་དབང་བསྟན་འཛིན་གྲགས་པ་མཆོག་གིས་ཡང་ ས་གནས་དེ་ཁར་མཚམས་ཁང་ཆུང་ཀུ་ཅིག་རྐྱབ་སྟེ་སྐུ་མཚམས་གནང་བཞུགས་པའི་ཤུལ་ལུ་ མཚམས་ཁང་དེ་རྒྱལ་སྲས་སྤྲུལ་སྐུ་ལུ་རྩིས་སྤྲོད་གནངམ་དང་གཅིག་ཁར་ ”ཁྱོད་ཀྱིས་ས་གནས་འདི་ཁར་གདན་ས་བཅགས་ཏེ་ པདྨ་གླིང་པའི་རྣམ་ཐར་གསོལ་འདེབས་ཁ་ཐུན་སྦེ་གཏང་མི་ཡོདཔ་ཅིག་བཟོ་སྨ་རེད། ཤུལ་ལས་ས་གནས་དེ་ཁ་ལས་ པད་གླིང་གི་བསྟན་པ་དར་ཞིང་རྒྱས་ནི་གི་རྟེན་འབྲེལ་ཡོད་” ཟེར་བའི་ལུང་བསྟན་གསུངས་ནུག། ལུང་བསྟན་དེ་ལུ་བརྟེན་ཏེ་གིས་སྦེ་ གདུང་འཛིན་སྤྲུལ་སྐུ་རྒྱལ་སྲས་པདྨ་ཕྲིན་ལས་མཆོག་གིས་ ཧེ་མ་ར་སྤྱི་ལོ་ ༡༥༩༥ ལུ་ ད་ལྟོ་ལྷ་ཁང་ཡོད་སའི་ས་ཁོངས་ནང་ བོད་ལུགས་ཀྱི་བཟོ་བཀོད་ཐོག་ལས་ ལྷ་ཁང་ཆུང་ཀུ་ཅིག་བཞེངས་གནང་ནུག  དེ་ལས་སྤྱི་ལོ་ ༡༦༡༣ རབ་བྱུང་ ༡༠ པའི་གནམ་ལོ་ཆུ་མོ་གླང་ལོ་ལུ་ ལྷ་ཁང་དེ་རྩ་བ་ལས་ར་བཤུགས་ཏེ་ རྒྱལ་སྲས་རིན་པོ་ཆེ་དང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་རྣམ་གཉིས་ཀྱིས་ ལོག་སྟེ་ར་ས་བསླངས་དང་རྨང་བཏིང་གི་རྟེན་འབྲེལ་མཛད་ཐོག་ལས་ གཙུག་ལག་ཁང་ཐོག་གསུམ་འབད་མི་ཅིག་བཞེངས་ཏེ་ མཚན་ཡང་སྒང་སྟེང་གསང་སྔགས་ཆོས་གླིང་ཟེར་བཏགས་གནང་ནུག  འདི་གི་སྐབས་ལུ་ ཤིང་བཟོ་དང་སྐུ་རྟེན་བཞེངས་ནི་གི་ཕྱག་ལས་གནང་མི་ཡང་ གནས་རྙིང་རྗེ་བཙུན་དང་ལྕགས་ཟམ་པ་ལ་སོགས་པ་ སྐྱེས་ཆེན་དམ་པ་ཚུ་གིས་མཛད་གནང་ཡོདཔ་ཨིན་མས། ཨིན་རུང་ ལྷ་ཁང་དེ་ ནར་ནར་སྦེ་ཡོད་ནི་དེ་གིས་ སྤྱི་ལོ་༡༧༠༣ ལུ་ རྒྱལ་སྲས་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་རིན་པོ་ཆེ་མཆོག་གིས་ གཙུག་ལག་ཁང་གི་གཡས་གཡོན་གྱི་གློ་འབུར་གཉིས་དང་ ཀ་སྤུངས་གསར་བཞེངས་གནང་སྟེ་ ཧེ་མ་འདུ་ཁང་ཀ་ཆེན་བཅུ་བཞི་གི་རྒྱ་ཚད་་ཨིན་མི་ལས་ ཀ་ཆེན་བཅོ་བརྒྱད་ལུ་རྒྱ་བསྐྱེད་མཛད་དེ་ གྲུ་བཞི་ཏག་ཏ་སྦེ་བཞེངས་གནང་ནུག  དེ་གི་ཤུལ་ལས་ ད་རེས་ཚུན་ཚོད་ཀྱི་བར་ན་ ཉམས་གསོ་ལན་ཐེངས་༣  ཞུ་ཡོདཔ་ད་ དེ་ཡང་དང་པ་ར་སྤྱི་ལོ་༡༧༢༡ ལུ་ བསྟན་འཛིན་རིན་པོ་ཆེ་ལེགས་པའི་དོན་གྲུབ་ཀྱི་སྐུ་ཐོག་ལུ་ར་ ས་གཡོམ་གྱི་རྐྱེན་ངན་བྱུང་སྟེ་ཉམས་གསོ་ཞུ་དགོཔ་བྱུང་ནུག དེ་གི་ཤུལ་ལས་ སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉིན་བྱེད་ཀྱི་སྐབས་ལུ་ཡང་ཚར་གཅིག་ ས་གཡོམ་གྱི་རྐྱེན་ངན་གྱིས་སྦེ་ཉམས་གསོ་ཞུ་དགོཔ་བྱུང་ནུག  དེ་ལས་ ད་ལྟོ་ཁྲི་ཐོག་བཞུགས་མི་སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ ཀུན་བཟང་རིག་འཛིན་པདྨ་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་གིས་ སྤྱི་ལོ་༢༠༠༠ ལས་ཉམས་གསོ་ཞུ་ནི་འགོ་བཙུགས་ཏེ་ ༢༠༠༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་རྒྱལ་རབས་ལྔ་པའི་གསེར་ཁྲིར་མངའ་གསོལ་ཞུ་བའི་དུས་སྟོན་དང་བསྟུན་ རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་ བཀྲ་ཤིས་རབ་གནས་ཀྱི་དགའ་སྟོན་རྟེན་འབྲེལ་ མཛད་གནང་ཡོདཔ་ཨིན།