དཔལ་རི་དགོན་པ་ངོས་འཛིན། འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ དཔེ་ཆ་ལྷག་པའི་གྲུབ་འབྲས།

ང་ར་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ དུས་ཚོད་བར་སྟོང་མི་གཏང་ནིའི་དོན་ལུ་ སྐྱེས་ཆེན་དམ་པ་ཚུ་གི་རྣམ་ཐར་ ལྷག་ནི་འགོ་བཙུགས་ཏེ་ ད་ལྟོ་ཡང་ རྣམ་ཐར་ཚུ་རིམ་པ་བཞིན་ ལྷག་པའི་བསྒང་ར་ཡོད། ཉིམ་དག་པ་ཅིག་གི་ཧེ་མ་ གཏེར་སྟོན་པདྨ་གླིང་པའི་སྲས་སྦོམ་ཤོས་ དཀོན་མཆོག་བཟང་པོ་གི་སྤྲུལ་སྐུ་ཨིན་མི་ གཏེར་སྟོན་མདོ་སྔགས་འབྱུང་གནས་ཀྱི་རྣམ་ཐར་ལྷག་ཅི། རྣམ་ཐར་དེ་ནང་ བུམ་ཐང་ཁ་ཐུག་ ང་གིས་ཧེ་མ་གོ་མ་མྱོང་བའི་ ས་གནས་དང་ དགོན་པ་གི་མིང་ ལེ་ཤ་ཐོན་ནི་འདུག། དེ་ཚུ་གི་གྲལ་ལས་ དཔལ་རི་/པད་རི་དགོན་པ་ ཟེར་མི་དེ་ ག་ཏེ་ཁ་ཐུག་ཡོད་ག་མནོ་སྟེ་ འཚོལ་ཞིབ་འབདཝ་ད་ ཧེ་མ་ཚར་གཅིག་ མི་མང་ཤོས་ཅིག་གིས་ར་ མི་ཤེས་པས། ཨིན་རུང་ གྲོས་བསྡུར་འབད་ཡི་འབད་ཡི་ དགོན་པ་དེ་ག་ཏེ་ཡོད་ག་ ཐོབ་ཚུགས་ཅི།

ང་གིས་ འགོ་དང་པ་ཚར་གཅིག་ དགོན་པ་དེ་ བུམ་ཐང་ཆུ་སྨད་ཁ་ཐུག་ལུ་ཡོད་པའི་ ཚོད་དཔགས་འབད་འབདཝ་ཨིན། དེ་ཡང་ མདོ་སྔགས་འབྱུང་གནས་ ཐུགས་སྲས་ཟླ་བའི་བཀའ་དགོངས་ལྟར་ དགོན་པ་དེ་བཞེངས་ནི་སྦེ་ བུམ་ཐང་ལུ་བྱོནམ་ད་ ཐུགས་སྲས་ཟླ་བ་ ཆུ་སྨད་སྤྲ་དཀར་ལྷུན་གྲུབ་བདེ་ཡངས་ལུ་ མཇལཝ་མས། དེ་ལས་ དགོན་པ་དེ་བཞེངས་པའི་སྐབས་ལུ་ཡང་ བླ་དཀར་ཟེར་བའི་གཡུས་ཚན་གྱི་མི་ཚུ་གིས་ ཡོན་བདག་དང་ལས་མི་གི་ཕྱག་ཞུཝ་མས། དེ་བཟུམ་སྦེ་ ཆུ་སྨད་ཁ་ཐུག་ལུ་ གཡུས་ཀྱི་མིང་ སྤྲ་དཀར་དང་ སྣང་སྒར་(སྣང་དཀར་) ཟེར་ཡོདཔ་ལས་ བླ་དཀར་ཟེར་མི་དེ་ཡང་ གོང་གི་གཡུས་གཉིས་ཀྱི་སྦོ་ལོགས་ཁ་ལས་ཕར་ཅིག་ མེན་ན་མནོ་མནོཝ་ཨིན།

ཨིན་རུང་ ཚོད་དཔགས་དེ་ལུ་ སྒྲུབ་བྱེད་ཡང་དག་ཅིག་ ཐོབ་མ་ཚུགས། དེ་འབདཝ་ལས་ ཚོད་དཔགས་དེ་ མཆེད་གྲོགས་དང་ མཁན་སློབ་དགེ་བཤེས་མང་རབས་ཅིག་བཞུགས་ཏེ་ཡོད་པའི་ ཕྲན་འཕྲིན་གྱི་ཚོམས་ཅིག་ནང་ ཕུལ་ཕུལཝ་ཨིན། ཕྲན་འཕྲིན་གྱི་ཚོམས་དེ་ནང་ པད་ཚལ་གླིང་དགོན་པའི་མཚན་ དཔལ་རི་བྱང་ཆུབ་གླིང་ཟེར་ཞུ་དོ་ཡོད་པའི་རྒྱུ་མཚན་ལུ་བརྟེན་ཏེ་ དཔལ་རི་དགོན་པ་དེ་ པད་ཚལ་གླིང་དགོན་པ་ཨིན་པའི་ ཚོད་དཔགས་འབད་མི་ཐོན་རུང་ ཚོད་དཔགས་དེ་ལུ་ཡང་ སྒྲུབ་བྱེད་ཡང་དག་ཅིག་ མ་མཐོང་། དེ་ལས་གྲོས་བསྡུར་རིམ་པར་འབད་བའི་སྐབས་ལུ་ བུམ་ཐང་བླ་མའི་དགོན་པ་ལུ་ དཔལ་རི་དགོན་པ་ཟེར་སླབ་དོ་ཡོད་པའི་ ལོ་རྒྱུས་ཅིག་ཐོན་ཡི། གོ་དོ་བཟུམ་འབད་བ་ཅིན་ བླ་མའི་དགོན་པའི་རྫོང་དེ་ བྱ་དཀར་གྱི་ཉེ་འདབས་ལུ་ཡོད་པའི་ལོ་རྒྱུས་ཨིན་མས། དབུ་མེད་ཀྱི་ཡི་གུ་ནང་ལུ་ བླ་དཀར་དང་ བྱ་དཀར་གཉིས་ཡང་ ཡིག་གཟུགས་འདྲ་སུ་མཐོངམ་ཨིན་མས། དེ་འབདཝ་ལས་ ངེའི་སེམས་ཁར་ དཔལ་རི་དགོན་པ་དེ་ བླ་མའི་དགོན་པ་ཨིན་པའི་དོགས་གཞི་ ཤུགས་སྦེ་ར་ འཆར་འོངས་ཡི།

དེ་ལས་ཚུར་ ང་གིས་ ཡོངས་འབྲེལ་ནང་ལས་ཕར་ བླ་མའི་དགོན་པ་གི་སྐོར་ལས་ བཤེར་འཚོལ་འབད་ནི་ འགོ་བཙུགས་ཅི། དེ་འབདཝ་ད་ ཡོངས་འབྲེལ་ནང་ལུ་ བླ་མའི་དགོན་པའི་རྒྱབ་ཁུངས་དང་ལོ་རྒྱུས་ ཆེནམོ་ཅིག་མི་མཐོང་པས། ཨིན་རུང་ ངོ་དེབ་ནང་ལུ་ ཨོ་རྒྱན་དབང་ཕྱུག་མཐའ་འཁོར་ཉམས་སྲུང་དང་ཞིབ་འཚོལ་སྤེལ་ཁང་གི་ ཤོག་ལྷེ་ཅིག་ཡོད་མི་ནང་ བླ་མའི་དགོན་པའི་རྒྱབ་ཁུངས་ཀྱི་ལོ་རྒྱུས་ མདོར་བསྡུས་ཅིག་བཀོད་དེ་འདུག། ལོ་རྒྱུས་དེ་དང་འཁྲིལ་བ་ཅིན་ བླ་མའི་དགོན་པའི་རྫོང་དེ་ སྤྱི་ལོ་༡༨༨༧་ལུ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་ བཞེངས་གནང་གནངམ་ཨིན་མས། གོང་ས་མཆོག་གིས་རྫོང་མ་བཞེངས་པའི་ཧེ་མ་ ས་གནས་དེ་ཁར་ གཏེར་སྟོན་མཆོག་ལྡན་མགོན་པོའི་གདན་ས་ཨིན་ཟེར་ དཔལ་རི་དགོན་པ་ཟེར་བའི་ ལྷ་ཁང་ཅིག་སྡོད་ཡོདཔ་ཨིན་མས། བླ་མའི་དགོན་པ་ཟེར་མི་དེ་ ལམ་པའི་དགོན་པ་ཟེར་མི་ལས་སྒྲ་ཉམས་འགྱོ་འགྱོཝ་ཨིནམ་ད་ ལམ་པའི་ཟེར་མི་དེ་ བུམ་ཐང་པའི་ཁ་སྐད་ནང་ལས་ ཨེ་ཏོག་མེ་ཏོག་གི་འདབ་མ་ལུ་ སླབ་ཨིན་མས།

གོང་གི་ཤོག་ལྷེ་ནང་ལུ་ ལོ་རྒྱུས་དེམ་ཅིག་ལས་བརྒལ་མིན་འདུག། ལོ་རྒྱུས་འདི་ལས་རྒྱས་པ་ཅིག་ ཐོབ་པའི་རེ་བ་གིས་ གོང་ས་ཨོ་རྒྱན་དབང་ཕྱུག་གི་རྟོགས་བརྗོད་ནང་བལྟཝ་ད་ དེ་ནང་ལུ་ བླ་མའི་དགོན་པ་ཟེར་བའི་མིང་ ཚར་གཉིས་གསུམ་དེ་ཅིག་ར་ཐོན་རུང་ དེ་གི་རྒྱབ་ཁུངས་ཀྱི་ལོ་རྒྱུས་ ཐོན་ནི་མིན་འདུག། ཐ་ན་ བླ་མའི་དགོན་པ་གི་རྫོང་དེ་ གོང་ས་མཆོག་གིས་བཞེངས་བཞེངསམ་ཨིན་ལུགས་ཅིག་ར་ མ་བཀོད་པས། ག་དེ་སྦེ་ར་ཨིན་རུང་ གོང་གི་ལོ་རྒྱུས་ཐུང་ཀུ་དེ་ལུ་བལྟཝ་ད་ མདོ་སྔགས་འབྱུང་གནས་ཀྱི་རྣམ་ཐར་ནང་ཐོན་མི་ དཔལ་རི་དགོན་པ་དེ་ བླ་མའི་དགོན་པ་ཨིནམ་ ཐག་ཆོད་པས།

དེ་མ་ཚད་ མདོ་སྔགས་འབྱུང་གནས་ ལོག་ཤུལ་ལས་ འཕྲེང་པོ་གཏེར་སྟོན་གྱིས་ལུང་བསྟན་གནང་སྟེ་ བུམ་ཐང་བྱམས་པ་ལྷ་ཁང་ལས་ རྫོགས་ཆེན་འཁོར་འདས་རང་གྲོལ་ གཏེར་བཞེས་པར་བྱོན་པའི་སྐབས་ལུ་ཡང་ བླ་དཀར་ལུ་བཞུགསཔ་མས། གཏེར་དེ་གསང་གཏེར་སྦེ་བཞེས་དགོ་ནི་འདི་གིས་ གཏེར་བདག་གི་གསོལ་མཆོད་ཡང་ བླ་དཀར་ལུ་གནངམ་མ་ཚད་ གཏེར་བཞེས་པའི་ཕྱི་རུ་ཡང་ བླ་དཀར་ལུ་བཞུགས་ཏེ་ བླ་དཀར་གྱི་ཨ་མ་ཚུ་གིས་ སྦྱིན་བདག་ཞུ་སྟེ་ ཚོགས་འཁོར་བསྐོར་གནང་མས། དེ་ལུ་བལྟཝ་ད་ བླ་དཀར་དེ་ ཆུ་སྨད་ལུ་མེན་པར་ ཆོས་འཁོར་ལུ་ཨིནམ་ ཐག་ཆོད་པས། དེ་འབདཝ་ད་ བླ་དཀར་ཟེར་མི་དེ་ བྱ་དཀར་ཟེར་བའི་ཡིག་འབྲུ་ཉམས་འགྱོ་འགྱོཝ་ཨིན་ན། ཡང་ཅིན་ བླ་དཀར་ཟེར་བའི་གཡུས་ཚན་ སོ་སོ་ཅིག་ཡོདཔ་ཨིན་ན་འདི་ ལོགས་སུ་སྦེ་ར་ བསམ་གཞིག་འབད་དགོ་ནི་ཨིན་མས།

གོང་གི་ལོ་རྒྱུས་ནང་ལུ་ དཔལ་རི་དགོན་པ་དེ་ གཏེར་སྟོན་མཆོག་ལྡན་མགོན་པོའི་གདན་ས་ཨིནམ་སྦེ་བཀོད་མི་དེ་ ནོར་འཁྲུལ་ཨིནམ་འོང་ནི་ཨིན་མས། དེ་ཡང་ མདོ་སྔགས་འབྱུང་གནས་དང་འཁྲིལཝ་ད་ དགོན་པ་དེ་ གཏེར་སྟོན་མཆོག་ལྡན་མགོན་པོའི་སྲས་ རྒྱལ་སྲས་བསྟན་པའི་འབྱུང་གནས་ཀྱིས་ ཕྱག་བཏབ་གནང་ནུག། ཨིན་རུང་ བར་སྐབས་ཅིག་ལས་ བདག་འཛིན་མེད་པར་ལུས་མི་ལུ་བརྟེན་ཏེ་ ཤུལ་ལས་འབྲུག་པ་གིས་དབང་ནི་འབད་བའི་སྐབས་ ཐུགས་སྲས་ཟླ་བ་གིས་བཀའ་གནང་སྟེ་ མདོ་སྔགས་འབྱུང་གནས་ཀྱིས་ བདག་འཛིན་མཛད་སྦེ་ ལྷ་ཁང་ཅིག་བཞེངས་གནང་ཞིནམ་ལས་ གདན་ཛིན་གྱི་སྐུ་ཚབ་ཚུ་ཡང་ བསྐོ་བཞག་མཛད་གནང་མས། མདོ་སྔགས་འབྱུང་གནས་ཀྱིས་ འབྲུག་ལུ་ གདན་ས་གཉིས་བཅགས་གནང་སྟེ་ཡོད་པའི་ནང་ལས་ དཔལ་རི་དགོན་པ་དེ་ གདན་ས་དང་པ་ཨིནམ་ད་ གཉིས་པ་དེ་ ཁོ་ཐང་ཆོས་འཁོར་རྣམ་རྒྱལ་རབ་བརྟན་རྩེ་ཨིན་མས།

མདོ་སྔགས་འབྱུང་གནས་དེ་ རྒྱལ་སྲས་བསྟན་པའི་འབྱུང་གནས་ཀྱི་སྲས་ལུ་འཁྲུངས་ཡོད་པའི་ གཏེར་སྟོན་མཆོག་ལྡན་མགོན་པོའི་སྤྲུལ་སྐུ་ མདོ་སྔགས་གླིང་པའི་སྲས་ཨིན་མས། བསྟན་པའི་འབྱུང་གནས་དང་ མདོ་སྔགས་གླིང་པའི་འཁྲུངས་འདས་ཀྱི་ལོ་ཚིགས་མེད་མི་ལུ་བརྟེན་ཏེ་ མདོ་སྔགས་འབྱུང་གནས་ཡང་ ནམ་འཁྲུངས་འཁྲུངསམ་ཨིན་ན་གི་ ལོ་ཚིགས་གཏན་འཁེལ་ཤེས་མི་ཚུགས་པས། རྣམ་ཐར་ནང་ལུ་ ཆུ་ཕོ་བྱི་བའི་ལོ་ལུ་འཁྲུངས་ཟེར་ཐོན་མི་དང་འཁྲིལ་བ་ཅིན་ སྤྱི་ལོ་༡༥༥༢་ལུ་འཁྲུངས་ཡོདཔ་འོང་ནི་ཨིན་རུང་ དེ་བསྒང་ ཁོ་གི་ཡབ་མདོ་སྔགས་གླིང་པའི་སྐུ་ཕྲེང་སྔ་མ་ མཆོག་ལྡན་མགོན་པོ་ར་ མ་གཤགས་པར་ཡོད་པའི་ལོ་རྒྱུས་ཨིན་མས། ག་དེ་སྦེ་ར་ཨིན་རུང་ དཔལ་རི་དགོན་པ་དེ་ མདོ་སྔགས་འབྱུང་གནས་ཀྱིས་ ཁོ་ར་དགུང་ལོ་༡༤-༡༥་སྐོར་ཆ་ལུ་དང་ ཐུགས་སྲས་ཟླ་བ་གིས་ ལྷུན་གྲུབ་བདེ་ཡངས་ལུ་ རྟེན་བཞེངས་མ་མཛད་པའི་ ལོ་གསུམ་བཞི་དེ་ཅིག་གི་ཧེ་མ་ བཞེངས་གནང་ཡོདཔ་བཟུམ་ཅིག་ཡོདཔ་ལས་ སྤྱི་ལོ་༡༥༧༠་དོན་གྲངས་ནང་ལུ་ ཕོག་ནི་ཨིན་མས།

གཏེར་སྟོན་མདོ་སྔགས་འབྱུང་གནས་དེ་གིས་ བོད་ལུ་ཡང་ ལྷ་ཁང་གཉིས་བཞེངས་གནང་མས། དེ་ཡང་དང་པ་ར་ ཁོ་རའི་ཡབ་ཀྱི་དགོངས་རྫོགས་ལུ་ ཡབ་ཀྱི་གདན་ས་ མཆོག་གྲུབ་གླིང་ལུ་ འདུ་ཁང་ཀ་ཆེན་བཞི་དང་ བར་ཁྱམས་ཀ་ཆེན་བརྒྱད་འབད་མི་ཅིག་ བཞེངས་གནང་མས། དེ་གི་ཤུལ་ལས་ ཡོན་དོ་ཟེར་ས་ལུ་ ལྷ་ཁང་ཀ་ཆེན་༢༠་དང་ ཐོག་གསུམ་འབད་མི་ཅིག་བཞེངས་ཏེ་ དགོན་པ་དེ་གདན་སའི་ལྟེ་བ་སྦེ་བཟུང་གནང་མས། དེ་ལས་ཚུར་ ཁོ་གི་མཚན་ ཡོན་དོ་སྤྲུལ་སྐུ་ཟེར་ཞུ་སྲོལ་བྱུང་ཡོདཔ་ད་ ཡོན་དོ་སྤྲུལ་སྐུ་སྐུ་ཕྲེང་ བདུན་དེ་ཅིག་བྱོན་ཡོདཔ་ཨིན་མས།

མདོར་བསྡུ་བ་ཅིན་ གཏེར་སྟོན་མཆོག་ལྡན་མགོན་པོའི་གདུང་བརྒྱུད་དང་ གཏེར་སྟོན་པདྨ་གླིང་པའི་སྲས་དཀོན་མཆོག་བཟང་པོའི་སྤྲུལ་སྐུ་ཡང་ཨིན་མི་ གཏེར་སྟོན་མདོ་སྔགས་འབྱུང་གནས་ཀྱིས་བཞེངས་གནང་ཡོད་མི་ དཔལ་རི་དགོན་པ་དེ་ ད་རེས་བླ་མའི་དགོན་པ་ཟེར་མི་དེ་ ཨིན་མས། དགོན་པ་དེ་གི་མིང་ལུ་ བུམ་ཐང་པའི་ཁ་སྐད་ནང་ལས་ ལམ་པའི་དགོན་པ་ཟེར་ཡང་ སླབ་དོ་ཡོད་མི་དེ་ལས་སྒྲ་ཉམས་ཏེ་ བླ་མའི་དགོན་པ་ཟེར་ གྱུར་ཡོདཔ་ཨིན་མས།

Posted on August 30, 2020, in འབྲི་རྩོམ།, ལོ་རྒྱུས་འབྲི་རྩོམ།. Bookmark the permalink. Leave a comment.

Leave a comment