Monthly Archives: November 2015

ཆོས་སྐད་དང་རྫོང་ཁའི་སླར་བསྡུ་གཉིས་ལ་ཁྱད་པར་གང་ཡོད།[1]

རྫོང་ཁའི་བརྡ་སྤྲོད་ཀྱི་ཐ་སྙད་དང་རྣམ་གཞག་རྣམས་ཆོས་སྐད་ཀྱི་བརྡ་སྤྲོད་པའི་ཐ་སྙད་དང་རྣམ་གཞག་ལས་གཞན་དུ་མེད་ཀྱང་། ཚིག་ཕྲད་ཀྱི་ངོ་བོ་དང་སྦྱོར་ཚུལ་ལ་ཁྱད་པར་ཕྲན་བུ་རེ་ཡོད་པ་ཡིན། དེ་བཞིན་ཆོས་སྐད་དང་རྫོང་ཁའི་སླར་བསྡུ་ལ་ཡང་ཚིག་ཕྲད་ཀྱི་རྣམ་གྲངས་དང་སྦྱོར་ཚུལ་ལ་ཁྱད་པར་ཡོད། དེ་ལ་ཆོས་སྐད་ཀྱི་སླར་བསྡུ་ལ་ཚིག་ཕྲད་བཅུ་གཅིག་དང་། རྫོང་ཁའི་སླར་བསྡུ་ལ་ཡོངས་སུ་གྲགས་པ་བཞི་ཡོད། སྦྱོར་ཚུལ་ལ་ཡང་སྒྲའི་སྦྱོར་ཚུལ་དང་། དོན་གྱི་སྦྱོར་ཚུལ་གཉིས་ཀ་ལ་ཁྱད་པར་ཡོད། དེས་ན་ཆོས་སྐད་དང་རྫོང་ཁའི་སླར་བསྡུ་གཉིས་སྐབས་བབས་ཀྱི་ཚིག་དོན་རྫོགས་པར་སྟོན་པའི་ཚིག་ཕྲད་ཡིན་པར་མཚུངས་ཀྱང་། ཚིག་ཕྲད་ཀྱི་རྣམ་གྲངས་དང་སྦྱོར་ཚུལ་ལ་མི་འདྲ་བའི་ཁྱད་པར་ཡོད་པ་ཡིན་ནོ༎

དེ་ལ་ཆོས་སྐད་ཀྱི་སླར་བསྡུའི་ཕྲད་ནི། སུམ་ཅུ་པ་ལས། “རྗེས་འཇུག་ཡི་གེ་བཅུ་རྣམས་ནི། །གང་མིང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །”[2]ཞེས་གསུངས་པ་ལྟར་རྗེས་འཇུག་ཡི་གེ་བཅུ་པོ་ལ་ཨཱ་ལི་བཞི་པ་ན་རོ་སྦྱར་བ་གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་བཅས་བཅུ་དང་། ད་དྲག་གི་མཐར་ཐོབ་པའི་ཤུགས་བསྟན་ཏོ་བཅས་བཅུ་གཅིག་ཡིན། རྫོང་ཁའི་སླར་བསྡུའི་ཕྲད་ནི་རྫོང་ཁའི་བརྡ་སྤྲོད་པའི་གཞུང་རྣམས་སུ་གོ་དོ་ནོ་འོ་བཞི་བཀོད་པར་མཛད་མོད།[3] དོན་དུ་རྫོང་ཁའི་སླར་བསྡུ་ཐུན་མོང་མ་ཡིན་པ་ནི་གོ་འབའ་ཞིག་ཡིན་ལ། གཞན་རྣམས་ནི་ཆོས་སྐད་ལས་རྟ་དྲངས་ཏེ་ལག་ལེན་བསྟར་བའི་སླར་བསྡུ་ཡིན་ནོ།[4] །རྫོང་ཁའི་ནང་དུ་ཆོས་སྐད་ལས་རྟ་དྲངས་ཏེ་ལག་ལེན་བསྟར་བའི་སླར་བསྡུ་གཞན་ལོ་དང་སོ་ཡང་ཡོད་དོ། །དེས་ན་རྫོང་ཁའི་སླར་བསྡུ་མཚན་ཉིད་པ་ནི་གོ་ཁོ་ན་དང་། ཆོས་སྐད་ལས་རྟ་དྲངས་ཏེ་རྫོང་ཁའི་ནང་དུ་ལག་ལེན་བསྟར་རྒྱུ་ཡོད་པ་ནི་དོ་ནོ་འོ་ལོ་སོ་བཅས་བསྡོམས་པས་དྲུག་ཡོད་[5]པ་ལས་འཇུག་པ་ཁྱབ་ཆེ་བ་ནི་དོ་ནོ་གཉིས་ཡིན། །

ཆོས་སྐད་ཀྱི་སླར་བསྡུ་ནི་རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་གཞན་དབང་ཅན་ཡིན་ཏེ། ལྗོན་དབང་ལས། “གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །”[6]ཞེས་གསུངས་པ་ལྟར། རྗེས་འཇུག་ག་སོགས་བཅུའི་མཐར་སླར་བསྡུའི་ཕྲད་གོ་སོགས་བཅུ་སྦྱར་དགོས་པ་སྟེ། དཔེར་ན། འདུག་གོ། བྱུང་ངོ་། ཡོད་དོ། ཡིན་ནོ། ཐོབ་བོ། བཅོམ་མོ། དགའ་འོ། འགྱུར་རོ། རྒྱལ་ལོ། ཤེས་སོ། ཞེས་པ་ལྟ་བུའོ། །དེ་བཞིན་ད་དྲག་ཅན་གྱི་མཐར་ཏོ་ཐོབ་སྟེ། དཔེར་ན། བསྟནད་ཏོ། གྱུརད་ཏོ། བསྩལད་དོ། ཞེས་པ་ལྟ་བུ་དང་། ས་དྲག་ཅན་གྱི་མཐར་སོ་ཐོབ་སྟེ། རྫོགས་སོ། ཞེས་པ་ལྟ་བུ་ཡིན། རྗེས་འཇུག་མེད་པའི་མཐར་འོ་སྦྱར་དགོས་པ་སྟེ། དཔེར་ན། སླ་འོ་ཞེས་པ་ལྟ་བུའོ། །རྫོང་ཁའི་སླར་བསྡུ་ལས་གོ་ནི་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་ཡིན་ཏེ། འོངས་ནུག་གོ། སླབ་འོང་གོ། ཡོད་གོ། ཨིན་གོ། མི་ཐུབ་གོ། འཇམ་གོ། དགའ་གོ། ཤེས་པས་གོ། མཐོང་ཅི་གོ། ཞེས་པ་ལྟ་བུ་རྗེས་འཇུག་ཀུན་གྱི་མཐར་སྦྱར་ཆོག་པ་ཡིན་ནོ། །སླར་བསྡུའི་ཕྲད་གཞན་དོ་ནོ་ལོ་སོ་བཞི་ནི་རྗེས་འཇུག་ལ་ལྟོས་དགོས་པ་སྟེ། ཡོད་དོ། ཨིན་ནོ། རྒྱལ་ལོ། ལེགས་སོ། སྐྱབས་སུ་མཆིའོ་ཞེས་པ་ལྟ་བུ་རྗེས་འཇུག་ད་ན་ལ་ས་དང་མཐའ་མེད་ཀྱི་མཐར་མ་གཏོགས་གཞན་དུ་མི་འཇུག་གོ །[7]རྫོང་ཁའི་གཞས་ཚིག་དང་སྙན་རྩོམ་སོགས་ཀྱི་སྐབས་ཆོས་སྐད་ཀྱི་སླར་བསྡུ་གཞན་དང་གཞན་གང་ལག་ལེན་བསྟར་ཡང་ཆོས་སྐད་ཀྱི་འཇུག་པ་དང་བསྟུན་ལག་ལེན་བསྟར་བ་ལས་གང་བྱུང་དུ་ལག་ལེན་བསྟར་བ་མེད་དོ། །

སྔོན་གྱི་མཁས་པ་ཕལ་མོ་ཆེས་ཆོས་སྐད་ཀྱི་སླར་བསྡུའི་དོན་གྱི་སྦྱོར་ཚུལ་ལ་བརྗོད་པ་རིང་པོ་བཟོ་རྒྱུ་ཙམ་ལས་ཁྱད་པར་མཛད་པ་མེད་མོད་ཀྱང་། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། སླར་བསྡུའི་དོན་གྱི་སྦྱོར་ཚུལ་ལ་ཆོས་ཅན་བརྗོད་པའི་མིང་གི་མཐར་སྦྱོར་ཚུལ་དང་། ཆོས་བརྗོད་པའི་མིང་གི་མཐར་སྦྱོར་ཚུལ། ལས་ཚིག་གི་མཐར་སྦྱོར་ཚུལ། རྣམ་དབྱེའི་མཐར་སྦྱོར་ཚུལ་བཅས་དབྱེ་བ་བཞི་ཡོད་པར་གསུངས།[8] དེ་ལ་ཆོས་ཅན་བརྗོད་པའི་མིང་སྟེ་མིང་ཚིག་གི་མཐར་སྦྱར་བ། འདི་བུ་མོའོ། ཞེས་པ་ལྟ་བུ་དང་། ཆོས་བརྗོད་པའི་མིང་གི་མཐར་སྦྱར་བ་ལ་བུ་མོ་འདི་མཛེས་སོ་ཞེས་པ་ལྟ་བུ་མིང་གི་ཁྱད་ཚིག་གི་མཐར་སྦྱར་བ་དང་། གནམ་གྲུ་ནི་སྣུམ་འཁོར་ལས་མྱུར་རོ་ལྟ་བུ་བྱ་བའི་ཁྱད་ཚིག་གི་མཐར་བ་གཉིས་འབྱུང་ངོ་། །ལས་ཚིག་གི་མཐར་སྦྱར་བ་ལ་བསྒྲུབས་སོ་བསྒྲུབ་བོ་སྒྲུབ་བོ་ལྟ་བུ་འདས་མ་འོངས་ད་ལྟ་གསུམ་གྱི་མཐར་སྦྱར་བ་སྟེ་གསུམ་འབྱུང་ངོ་། །དེ་བཞིན་རྣམ་དབྱེའི་མཐར་སྦྱར་བ་ལ་རྣམ་དབྱེ་དང་པོའི་མཐར་སྦྱར་བ་ནི་ཆོས་ཅན་བརྗོད་པ་དང་ཆོས་བརྗོད་པའི་མཐར་སྦྱར་བ་ལྟར་ཡིན་ལ། གཞན་རྣམས་ནི། གང་དུ་འགྲོ་ན་ཤར་ཕྱོགས་སུའོ། །སུ་ཡིས་མངགས་ན་རྒྱལ་པོས་སོ། །ཅིའི་ཕྱིར་ན་ཚོང་ལའོ། །གང་ནས་འོངས་ན་ནུབ་ནས་སོ། །སུའི་ཡིན་ཞེ་ན་འབངས་ཀྱི་འོ། །གང་དུ་ཡོད་ན་ཁྲོམ་ལ་འོ། །ཀྱེ་མའོ་ཀྱེ་མའོ་སྡུག་བསྔལ་ལོ། །ཞེས་ལྟ་བུ་རྣམ་དབྱེ་གཉིས་པ་ནས་བརྒྱད་པའི་བར་སྦྱར་བར་བྱའོ། །རྫོང་ཁའི་སླར་བསྡུ་ནི་འདུག་གོ། ཡོད་གོ། སླབ་འོང་གོ། ཞེས་པ་ལྟ་བུ་བྱ་ཚིག་དང་། བཟང་གོ། ངོ་རིས་ལེགས་གོ། མགྱོགས་པས་གོ། ཞེས་པ་ལྟ་བུ་མིང་གི་ཁྱད་ཚིག་དང་བྱ་བའི་ཁྱད་ཚིག་གི་མཐར་སྦྱར་བ་འབའ་ཞིག་ལས་མིང་ཚིག་དང་རྣམ་དབྱེའི་མཐར་སྦྱར་རྒྱུ་ཡོད་པར་མི་སྣང་ངོ་། །[9]

ཁ་ཅིག་གིས་‘སླབ་མས་ལོ། འབདཝ་མས་ལོ། ཞེས་པའི་ལོ་དང་། འོང་དོ། འབད་དོ་ཞེས་པའི་དོ་དང་། ག་ཨིན་མས་ལོ་། རྣམ་ཅོག་དང་རྭཝ་སྐྱེཝ་ཧ་གོ་’ཞེས་པའི་དྲི་ཚིག་གི་ལོ་དང་གོ་རྣམས་ཀྱང་སླར་བསྡུ་ཡིན་ཟེར།[10] དེ་ནི་མི་འཐད་དེ་སླར་བསྡུ་ཡིན་ན་རང་ལ་བསྟན་པར་བྱ་བའི་དོན་གང་ཡང་མེད་ཅིང་། སྦྱར་ཡུལ་མིང་ཚིག་གང་རུང་གི་མཐར་སྦྱར་ཚེ་སྐབས་བབས་ཀྱི་ཚིག་དོན་རྫོགས་པར་བསྟན་པའམ་བསྡུ་བར་སོང་བ་སྟེ་ཚིག་དོན་གཞན་འདྲེན་པའི་ནུས་པ་མེད་པའི་སྒྲའི་ཆ་ཤས་ཤིག་ཡིན་དགོས་ལ། གོང་གི་ལོ་དང་དོ་ནི་དེ་ལྟར་མིན་པས་སོ། །གལ་ཏེ་བརྗོད་པའི་མཐར་སྦྱར་བ་ཙམ་གྱིས་སླར་བསྡུར་སོང་ན། འགྱོ་དེས། མཐོང་ཅི། འོང་ནུག། ཤེས་པས། མཐོང་མས། འཇའ་བས་ཞེས་པའི་དེས་ཅི་ཡི་པས་བས་མས་རྣམས་ཀྱང་སླར་བསྡུ་ཡིན་པར་འགྱུར་བས་ཧ་ཅང་ཐལ་ལོ། །དེས་ན་རྫོང་ཁའི་ཐུན་མོང་མ་ཡིན་པའི་སླར་བསྡུའི་ཕྲད་ནི་གོ་འབའ་ཞིག་དང་། གཞན་ཆོས་སྐད་ལས་རྟ་དྲངས་པའི་སླར་བསྡུ་ནི་དོ་ནོ་ལོ་སོ་འོ་བཅས་བསྡོམས་པས་སླར་བསྡུའི་ཕྲད་དྲུག་ཡོད་དོ། །དེ་ཡང་རྫོང་ཁའི་སླར་བསྡུའི་ཕྲད་གོ་ནི་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་དང་། གཞན་རྣམས་ནི་ཆོས་སྐད་ལྟར་གཞན་དབང་ཅན་ཡིན་པས་རྗེས་འཇུག་རང་འདྲའི་མཐར་སྦྱར་དགོས་པ་ཡིན་ནོ༎

རྒྱབ་རྟེན་དཔེ་ཐོ།

འཇམ་པ་ཆོས་རྒྱལ། (2002) <<སུམ་ཅུ་པའི་རྣམ་བཤད།>> རྫོང་ཁཀ་གོང་འཕེལ་ལྷན་ཚོགས།

ཉན་ཤུལ་མཁྱེན་རབ་འོད་གསལ། (2012) <<སུམ་རྟགས་དག་གསུམ་དང་དགེ་ཚུལ་བསླབ་བྱ།>> Taiwan: CBBEF

པདྨ་ཚེ་དབང་། (1971) <<རྫོང་ཁའི་འགྲེལ་བཤད་རབ་གསལ་སྐྱ་རེངས་དང་པོ།>> འབྲུག་གཞུང་ཤེས་རིག་ལྷན་ཁག

དབྱངས་ཅན་གྲུབ་པའི་རྡོ་རྗེ། (2001) <<ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ།>> <<མཁས་མཆོག་དངུལ་ཆུ་ཡབ་སྲས་ཀྱིས་མཛད་པའི་སི་ཏུའི་ཞལ་ལུང་སོགས་སུམ་རྟགས་ཕྱོགས་བསྡེབས།>> ལྡི་ལི། བོད་གཞུང་ཤེས་རིག་དཔར་ཁང་།

སངས་རྒྱས་རྡོ་རྗེ། ཞུན་དག་པ། (2002) <<རྫོང་ཁའི་བརྡ་གཞུང་གསར་པ།>> རྫོང་ཁ་གོང་འཕེལ་ལྷན་ཚོགས།

སམ་བྷོ་ཊ། (2008) <<སུམ་ཅུ་པའི་རྩ་བ།>> <<སུམ་རྟགས་འགྲེལ་པ་ནོར་བུའི་མེ་ལོང་།>> ཐིམ་ཕུ། ཀེ་ཨེམ་ཀྲི།

[1] འབྲི་རྩོམ་འདི་ཉིད་འབྲུག་དང་ཧི་མ་ཡ་ལོ་ངོ་དང་པའི་སློབ་ཕྲུག་རྣམས་ལ་སྤྲོད་པའི་བརྡ་སྤྲོད་རྣམ་བཤད་ཀྱི་ནང་སྦྱོང་གི་དྲི་བའི་ལན་དུ་བྲིས་པ་ཡིན། དེ་ཡང་ནང་སྦྱོང་ཞིབ་དཔྱད་བྱེད་ཞོར་དུ་བྲིས་པ་ལགས་པས་ནོར་འཁྲུལ་གྱི་ཆ་གྲངས་ལས་འདས་པ་ཡོད་ངེས་ན་མཁྱེན་སྤྱན་ལྡན་པ་ཡོངས་ཀྱིས་བསླབ་སྟོན་གནང་སྐྱོང་ཡོད་པར་ཞུ།

[2] སམ་བྷོ་ཊ། (༢༠༠༨) ལྡེབ་2

[3] པདྨ་ཚེ་དབང་། (1971) ལྡེབ་32 དང་། སངས་རྒྱས་རྡོ་རྗེ། (ཞུན་དག་པ་) (2002) ལྡེབ་179

[4] སངས་རྒྱས་རྡོ་རྗེ། (ཞུན་དག་པ་) (2002) ལྡེབ་179

[5] འཇམ་པ་ཆོས་རྒྱལ། (2002) ལྡེབ་35

[6] དབྱངས་ཅན་གྲུབ་པའི་རྡོ་རྗེ། (2001) ལྡེབ་72

[7] རྫོང་ཁའི་འགྲེལ་བཤད་རབ་གསལ་སྐྱ་རེངས་དང་པོ་(པདྨ་ཚེ་དབང་། (1971) ལྡེབ་32) དང་། རྫོང་ཁའི་བརྡ་གཞུང་གསར་པ་(སངས་རྒྱས་རྡོ་རྗེ། (ཞུན་དག་པ་) (2002) ལྡེབ་179) གཉིས་ནང་འོ་ཡང་གོ་བཞིན་དུ་རང་དབང་ཅན་དུ་གསུངས་ཤིང་དེའི་བརྗོད་དུ་སླབ་མསའོ་ཨིན་མསའོ་ཞེས་པ་གཉིས་བཀོད་འདུག་ཀྱང་། དེ་ལས་གཞན་དུ་འཇུག་པ་མ་མཐོང་ཞིང་། དེ་ལྟ་བུའི་བརྗོད་ཚུལ་ཡང་ཁྱབ་ཆུང་བས་ན་རེ་ཞིག་གཏང་སྙོམས་སུ་བཞག་སྟེ། འཇམ་པ་ཆོས་རྒྱལ་གྱི་རྗེས་སུ་འབྲངས་ཏེ་མཐའ་མེད་ཀྱི་མཐར་འཐོབ་པར་འདོད་དོ༎

[8] ཉན་ཤུལ་མཁྱེན་རབ་འོད་གསལ། (2012) ལྡེབ་༦-༡༣

[9] རྫོང་ཁའི་འགྲེལ་བཤད་རབ་གསལ་སྐྱ་རེངས་དང་པོ་(པདྨ་ཚེ་དབང་། (1971) ལྡེབ་32) དང་། རྫོང་ཁའི་བརྡ་གཞུང་གསར་པ་(སངས་རྒྱས་རྡོ་རྗེ། (ཞུན་དག་པ་) (2002) ལྡེབ་179) སུམ་ཅུ་པའི་རྣམ་བཤད་(འཇམ་པ་ཆོས་རྒྱལ། (2002) ལྡེབ་35) རྣམས་སུ་རྫོང་ཁའི་སླར་བསྡུའི་ཕྲད་དེ་དག་ཚིག་གྲོགས་མཆིས་ཏ་ཡི་སོ་དང་པས་བས་མས་ནུག་རྣམས་དང་འབྲེལ་མར་འཇུག་ཚུལ་ཞིག་གསུངས་འདུག་ཀྱང་། དེ་དག་སྒྲ་ཡི་སྦྱོར་ཚུལ་དང་དོན་གྱི་སྦྱོར་ཚུལ་གང་དང་ཡང་མ་འབྲེལ་བས་འདིར་མ་བཤད་། འོན་ཀྱང་རྫོང་ཁའི་བརྡ་སྦྱོར་ལེགས་པར་མཁྱེན་འདོད་ན་རྫོང་ཁའི་སླར་བསྡུའི་འཇུག་ཚུལ་ཐུན་མོང་མ་ཡིན་པ་ཡིན་པ་འདི་ཉིད་མཁྱེན་གལ་ཆེ་བས་དེར་གཟིགས་པར་འཚལ་ལོ༎

[10] འཇམ་པ་ཆོས་རྒྱལ། (2002) ལྡེབ་35

Advertisements

བསྟོད་སྨོན་ཁུ་བྱུག་མགྲིན་གླུ།

བསླུ་མེད་མཆོག་གསུམ་རྩ་གསུམ། །འཆི་མེད་ཚེ་མཐའ་ཡས་པ། །ཚེ་ཡི་ལྷ་ཚོགས་རྣམས་ཀྱིས། །བྱིན་རླབས་དངོས་གྲུབ་སྩོལ་ཅིག །འཛམ་གླིང་ས་ཡི་ཐིག་ལེ། །ཆོས་སྲིད་བསྟན་པའི་ཞིང་ས། །ལྷོ་མོན་འབྲུག་གི་ཡུལ་གྱི། །ཆོས་རྒྱལ་མཆོག་ལ་འདུད་དོ། །རྒྱལ་དབང་པདྨ་གླིང་པའི། །འཁྲུལ་མེད་གདུང་རྒྱུད་གཙང་མ། །ཆོས་ཀྱི་རྒྱལ་པོ་ཆེན་པོ། །གེ་སར་རྒྱལ་པོའི་བཀའ་བློན། །དུང་སྐྱོང་དཔོན་གྱི་རིགས་རྒྱུད། །ལུགས་གཉིས་ཁ་ལོ་བསྒྱུར་བའི། །ས་སྐྱོང་མི་ཡི་དབང་པོ། །མཐའ་བཞི་དབང་དུ་བསྡུ་བའི། །ཞབས་དྲུང་ངག་དབང་རྣམ་རྒྱལ། །སླར་ཡང་ལྗོངས་འདིར་བྱོན་པ། །འཇིགས་མེད་སེང་གེ་དབང་ཕྱུག །མཁྱེན་བརྩེ་རྡོ་རྗེ་འཆང་ཆེན། །མཉེས་པ་གསུམ་གྱིས་མཆོད་པས། །དགོངས་རྒྱུད་བྱིན་རླབས་ཐོབ་པའི། །རྫོགས་ཆེན་རྣལ་འབྱོར་ཆེན་པོ། །འཇིགས་མེད་མཁྱེན་བརྩེའི་མངའ་བདག །ནུས་ལྡན་སེང་གེ་དཀར་མོ། །དབང་ཐང་དཔལ་གྱིས་ཕྱུག་པའི། །མི་དབང་ཁྱེད་ལ་བསྟོད་དོ། །ངོ་མཚར་སྤྲུལ་པའི་རྒྱལ་པོའི། །སྐུ་ཚེ་ཞབས་པད་བརྟན་ཅིང་། །བཞེད་དོན་ལྷུན་གྱིས་འགྲུབ་པའི། །བཀྲ་ཤིས་སྨོན་འདུན་ཞུའོ། །ཞེས་བསྟོད་སྨོན་ཁུ་བྱུག་མགྲིན་གླུ་ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་འདི་ནི་འབྲུག་ཆོས་རྒྱལ་ཆེན་པོ་དགུང་གྲངས་དྲུག་ཅུར་སོན་པའི་རྒྱལ་ཡོངས་དུས་སྟོན་ཆེན་པོའི་སྐབས་སུ། ཡུལ་དེ་ཕྱོགས་ཀྱི་ཆོས་གྲོགས་དུ་མས་ལན་མང་བསྐུལ་བའི་ཞལ་ངོ་མི་ལྡོག་ཆེད། བོད་མདོ་ཁམས་གཡུ་ཁོག་པ་ཡི་དམ་རྡོ་རྗེས་བོད་ཡུལ་ནས་བྲིས་ཏེ་གུས་ཕུལ།