Category Archives: ལྷུག་རྩོམ།

རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་རྣམ་ཐར་བསྡུས་དོན་དུམ་ཚན་དང་པ།

རྒྱལ་སྲས་བསྟན་འཛིན་རབ་རྒྱས་གང་ཉིད་ཡབ་ཚེ་དབང་བསྟན་འཛིན་དང་ཡུམ་དམ་ཆོས་བསྟན་འཛིན་མའི་སྲས་སུ་རབ་བྱུང་༡༡་པའི་ས་ཕོ་སྟག་ལོ་མགོ་ཟླ་བ་སྟེ་ཧོར་ཟླ་༡༡་པའི་ཚེས་༡་གཟའ་ཉི་མའི་སྔ་དྲོ་ཉི་ཤར་ལ་ཁྲུངས། ཁོང་ལ་སྐུ་མཆེད་གཉིས་ཡོད་པ་ལས་གཅེན་སྦྱིན་པ་རྒྱལ་མཚན་ནི་ཡུམ་མི་གཅིག་ཅིང་། ཡུམ་གཅིག་པ་ལས་ཨ་ཅེ་ཞིག་ཡོད་པ་ནི་རྗེ་བཙུན་བསྟན་འཛིན་ཡིན། རྗེ་ཉིད་འཁྲུངས་དུས་ཡབ་ཚེ་དབང་བསྟན་འཛིན་དང་ཞབས་དྲུང་རིན་པོ་ཆེ་སྒར་སྐོར་ལ་ཕེབས་ཏེ་གདན་སར་མ་བཞུགས་པས་ལྕགས་རིར་རྒྱལ་སྲས་འཇམ་དཔལ་རྡོ་རྗེའི་རྩར་མིང་ཞུ་རུ་བཏང་། རྒྱལ་སྲས་ཀྱིས་བསྟན་འཛིན་ཆེ་གེ་མོ་ཞིག་གནང་བར་མིང་ཞུ་བར་འགྲོ་མཁན་ཉིད་ཆང་གིས་བེར་ནས་བསྟན་འཛིན་ཙམ་མ་གཏོགས་མ་དྲན་པས་མཚན་དེ་སྐད་ཐོགས། ཞབས་དྲུང་རིན་པོ་ཆེ་དང་ཡབ་ཚེ་དབང་བསྟན་འཛིན་སླར་གདན་སར་འཁོད་པ་ནས་ཡབ་ཀྱིས་སྲས་པོ་ཉིད་འཁུར་ནས་ལྕགས་རིར་ཞབས་དྲུང་རིན་པོ་ཆེའི་དྲུང་དུ་ཕྱིན་པས་ཞབས་དྲུང་རིན་པོ་ཆེ་ཉིད་ཆོས་རྗེ་ཙཱ་རི་བ་ལ་བཀའ་ཆོས་གནང་ཕྱིར་ཁྲི་ཐོག་ཏུ་བཞུགས་ཟིན་མ་ཐག་དང་སྟབས་འཁེལ་བས་ཡབ་ཡུམ་སྲས་འཁོར་དང་བཅས་པ་ཆོས་རྗེ་ཙཱ་རི་བ་དང་ལྷན་བཀའ་ཆོས་གསན་ཏེ་ཟླ་བ་འགའ་ཞིག་དེར་བསྡད།

དགུང་ལོ་བཞི་ཙམ་ནས་ཡུམ་གྱིས་ཀ་ཁ་ནས་དབུ་འཛུགས་ཏེ་སྦྱོར་ཀློག་དང་ཚེག་སྡུད་ཀྱི་ཀློག་བསླབས་པས་དཀའ་ཚེགས་དང་སྡུག་སྒུར་མ་དགོས་པར་མཁྱེན་ཞིང་ཕྱག་བྲིས་ཀྱང་གཞན་ལ་བསྟེན་ནས་སློབ་མ་དགོས་པར་ཞར་ལ་རང་མཁྱེན་པར་གྱུར། དུས་དེ་དག་གི་ཚེ་མངོན་ཤེས་བཤད་པ་ཐོག་ཏུ་བབས་པ་བྱུང་བས་སྐྱེ་བོ་ཀུན་གྱིས་རྗེ་གཞོན་ནུ་དེ་ཉིད་སྤྲུལ་པའི་སྐུ་ཞིག་གོ་ཞེས་གྲགས་ཤིང་། རྗེ་གཞོན་ནུ་ཉིད་ནས་ཀྱང་བླ་མ་ག་གེ་མོ་ཞིག་གི་སྐྱེ་བ་བཤད་པ་སོགས་བྱུང་ཡང་ཞབས་དྲུང་གིས་འབྲུག་པའི་གདུང་ཡིན་པ་ཙམ་གྱིས་ཆོག་པས་སྤྲུལ་པའི་སྐུར་ངོས་འཛིན་མི་དགོས་གསུངས་པས་ངོས་འཛིན་མ་མཛད། རྗེ་ཉིད་དགུང་ལོ་ལྔ་ལ་གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོ་བོད་ནས་སྤུངས་ཐང་དུ་འབྱོར། དུས་དེ་དག་གི་སྔ་རྟིང་ཅི་རིགས་པར་ཡབ་ཀྱི་ཞབས་ནས་ནཱ་རོ་ཆོས་དྲུག་དང་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི་མདོ་སྔགས་ཀྱི་བཀའ་ཆོས་རྣམས་ཀྱང་གསན།

རྗེ་དགུང་ལོ་༧་ལ་ཉེ་བའི་ཚེ་རབ་བྱུང་༡༡་པའི་ཤིང་ཕོ་སྤྲེལ་གྱི་མགོ་ཟླའི་ཚེས་༡༧་ལ་ཡབ་གཤེགས། ཡབ་ཀྱི་སྐུ་གདུང་ཞུགས་འབུལ་གོང་ས་སྐུ་ཉིད་ཀྱིས་མཛད་ཅིང་གཞན་དགོངས་རྫོགས་ཀྱི་དགེ་རྩ་རྣམས་སྡེ་པ་དབུ་མཛད་ལ་བཀས་བསྐུལ་ཏེ་ཕྱག་མཛོད་ནས་བསྒྲུབས་པར་མཛད། དུས་དེ་ནས་བཟུང་སྟེ་ཡུམ་སྲས་ལྕམ་སྲིང་བཅས་པ་ལའང་འཚོ་བའི་ཆ་རྐྱེན་ཞབས་དྲུང་རིན་པོ་ཆེས་ཕྱག་མཛོད་ནས་གནང་།

དེ་ནས་རྗེ་དགུང་ལོ་༨་ལ་ཞབས་དྲུང་རིན་པོ་ཆེའི་བཀས་བསྐུལ་ཏེ་དགེ་འདུན་འདུས་པའི་སྡེར་ཞུགས་པས་ཞབས་དྲུང་རིན་པོ་ཆེས་གཙུག་ཕུད་བཞེས། མཚན་ངག་དབང་བསྟན་འཛིན་རབ་རྒྱས་ཞེས་གནང་། གནས་བརྟན་ཆེན་པོ་པད་དཀར་འབྱུང་གནས་དང་བསྟན་འཛིན་ལྷུན་གྲུབ་སློབ་དཔོན་དུ་བསྟེན། དུས་རེ་ཞིག་གི་ཚེ་ཞབས་དྲུང་རིན་པོ་ཆེས་མཁན་པོ་མཛད་དེ་རྗེ་ཉིད་རབ་ཏུ་བྱུང་། དུས་དེ་ནས་བཟུང་སྟེ་རྗེ་ཉིད་ལ་ཞབས་དྲུང་རིན་པོ་ཆེ་ནས་ཐུགས་བརྩེ་ལྷག་པར་གནང་སྟེ་འདུས་དམངས་ཀྱི་དབུས་སུ་གཟིགས་བསྟོད་གནང་ཞིང་སྐུ་མདུན་དུ་སྤོས་འཛུགས་པ་སོགས་ཀྱི་ཉེར་མཁོའི་ཕྱག་གཡོག་ཀྱང་ཁོང་ལ་བཅོལ་བ་གནང་ནས་བསླབ་པ་སློབ་གཉེར་ལ་བརྩོན་དགོས་པའི་བཀའ་སློབ་གནང་བ་སོགས་མཛད། ལྷག་པར་དུ་རྗེ་ཉིད་སྡེ་པ་དབུ་མཛད་ལ་གཉེར་གཏད་མཛད་པ་བཞིན་སྡེ་པས་ཀྱང་དེ་ལྟར་ཐུགས་ལ་བཏགས་པར་མཛད་དོ༎

སྤུངས་ཐང་སྒྲུབ་མཆོད་ཀྱི་སྐབས་ཤིག་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དེ་གཟིགས་འབུལ་ཞུ་སྐབས་ཞབས་དྲུང་རིན་པོ་ཆེ་ནས་དཀྱིལ་འཁོར་གྱི་ཕྱག་ལས་པ་རྣམས་ལ་ཚོན་འགྱེད་འགྲེམས་བྱེད་ལུགས་རྣམས་བསྟན་པའི་འཕྲོས་སུ་རྗེ་ཉིད་ཤོག་གསུངས། རྗེས་ཞབས་འབྲིང་དུ་ཕྱིན་ཏེ་གཟིམས་ཁང་དུ་ཕེབས་པ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པ་ནས་བཟུང་སྟེ་དཀྱིལ་འཁོར་བཞེངས་ཚུལ་རྒྱུད་དང་མན་ངག་སྦྱར་ཏེ་བཀའ་དྲིན་བསྩལ། ཡང་སྐབས་ཤིག་ན་སྐུ་མདུན་དུ་ཤོག་གསུངས་ནས་ཕྱིན་པས་འཇམ་དཀར་གྱི་རྗེས་གནང་དང་དམིགས་རིམ་སོགས་གནང་སྟེ་འཇམ་དཀར་ཡི་དམ་གྱི་ལྷ་སྐལ་དུ་བསྩལ། ཡང་དེ་སྐབས་དགེ་འདུན་པ་རྣམས་ཟུར་འགྲིམས་སོགས་ལ་བཀག་ཆ་ཡོད་ཀྱང་གོང་ས་མཆོག་ནས་རྗེ་ཉིད་ནམ་འདོད་དུ་ཞབས་སར་བཅར་ཆོག་པའི་བཀའ་ཡི་གནང་བ་གྲོལ་བས་རྗེ་ཉིད་ཀྱིས་ཀྱང་འཕྲལ་འཕྲལ་ཞབས་སར་བཅར་ཏེ་བཀའ་སློབ་དང་ཞལ་ཏ་ཞུས། དེ་བཞིན་རྗེ་ཉིད་ཀྱིས་ཞབས་དྲུང་རིན་པོ་ཆེ་ནས་དགེ་འདུན་བྱིངས་དང་མཉམ་དུ་བཀའ་ཆོས་ཇི་སྙེད་པ་གསན་པ་གནང་ཞིང་། གཞན་ཡང་ཕྱོགས་ཕྱོགས་ནས་འདུས་པའི་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམས་པའི་བཀའ་ཆོས་གནང་སྐབས་ཀྱང་ཞབས་དྲུང་ནས་རྗེ་ཉིད་ཆེད་དུ་གཞུག་པར་མཛད་དེ་རྗེ་ཡིས་ཆོས་བཀའ་ཇི་ཐོབ་ཡུམ་ལ་ཟིན་ཐོར་འགོད་དུ་བཅུག། མདོར་ན་རྗེ་ཡིས་ཞབས་དྲུང་རིན་པོ་ཆེ་ནས་དཔལ་ལྡན་འབྲུག་པའི་གདམས་ངག་སྡོང་པོ་གསུམ་དྲིལ་ཞེས་པའི་དཀར་བརྒྱུད་ཀྱི་རྒྱུད་ལུང་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད།

སྔར་རྗེ་དགུང་ལོ་༧་ལ་སོན་པའི་ཤིང་སྤྲེལ་ལོར་དགེ་ལྡན་པའི་དཔུང་ཆེན་དང་པ་དཔུང་འཇུག་བྱས་ཏེ་མེ་ཁྱི་བར་ལོ་གསུམ་ཙམ་བསྡད་མཐར་དགེ་ལྡན་པའི་དཔུང་དམག་ཐམས་ཅད་འབྲུག་པའི་ལག་ཏུ་ཚུད། དཔོན་མགོ་རྣམས་བཙོན་དུ་བཟུང་ནས་དམག་བྱིངས་རྣམས་རིག་འཛིན་སྙིང་པོའི་ངོར་རང་ཡུལ་དུ་བདེ་བར་སློག། ཕྱིས་ནང་སོ་ཨའུས་ཞབས་དྲུང་གི་ཟུར་སྲས་དཔོན་བསྟན་རྒྱས་པ་སོགས་འབྲུག་པའི་དབུ་ཆེ་རྣམས་འདིར་བརྫངས་ཏེ་ཆིངས་སྣ་སྦྲེལ་བས་ནང་སོ་དངོས་གྲུབ་ཀྱིས་གཙོས་པའི་དཔོན་མགོ་༢༡་ཙམ་ལ་རང་རང་གིས་ལག་བདར་ཏེ་གོ་ཁྲབ་རྣམས་ཞབས་དྲུང་ལ་རྩིས་འབུལ་དུ་བཅུག། དེ་ནས་དཔོན་མགོ་དེ་རྣམས་ཀྱང་གནང་སྦྱིན་དང་བཅས་སླར་བོད་དུ་བདེ་བར་སློག། ནང་སོ་དངོས་གྲུབ་དང་མདའ་དཔོན་བཀྲས་སྒང་པ་གཉིས་ཀྱི་གོ་ཁྲབ་དང་འཁོར་གསུམ་རྣམས་རྟེན་འབྲེལ་གྱི་ཆེ་བར་དགོངས་ནས་སྤུངས་ཐང་གི་མགོན་ཁང་དུ་མགོན་པོའི་བཞུགས་གདན་དུ་ཕུལ། མགོན་ཁང་གི་མཚན་ཡང་གཡུལ་རྒྱལ་མགོན་ཁང་ཞེས་གསོལ་ནས་གཏང་རག་གི་དགའ་སྟོན་རྒྱ་ཆེར་མཛད།

Advertisements

ང་བཅས་ཀྱི་ཨེ་པཱལ་ཤིང་།

དང་ཕུ་དིང་ཕུ་ ཨེ་པཱལ་ཤིང་སྦོམ་ཅིག་ ཡོདཔ་ཨིན་མས། ཤིང་དེ་གི་རྩ་བར་ ཉིནམ་ཨ་རྟག་ར་ ཨ་ལོ་ཆུང་ཀུ་ཅིག་ རྩེདམོ་རྩེ་བར་ འོང་དོ་ཡོདཔ་མས། ཁོ་གིས་ ཤིང་དེ་གུར་ འཛེགས་ཏེ་ ཨེ་པཱལ་ཚུ་ བཏོགས་བཟའ། ཤིང་དེ་གི་ གྱིབ་མ་ནང་ ཉལ་སྦེ་ སྡོད་དོ་ཡོདཔ་མས།

ཁོ་གིས་ ཤིང་དེ་ལུ་ གནམ་མེད་ས་མེད་ དགའ་དོ་ཡོདཔ་ད་ ཤིང་དེ་གིས་ཡང་ ཁོ་དང་ཆ་ རྩེདམོ་རྩེ་ནི་ལུ་ དགའ་དོ་ཡོདཔ་མས། དུས་ཚོད་ རིམ་པ་བཞིན་དུ་ འགྱོཝ་ད་ ཨ་ལོ་ཆུང་ཀུ་དེ་ སྦོམ་ཐལ་ཏེ་ བུཚ་གཞོན་ཅུང་ཅིག་ལུ་ གྱུར་སོ་ནུག། དེ་ལས་ བུཚ་དེ་གིས་ ཤིང་དེ་གི་ རྩ་བར་ རྩེདམོ་རྩེ་ནི་ཡང་ བཤོལ་ད་ནུག།

ཉིནམ་གཅིག་ བུཚ་དེ་ ཤིང་དེ་གི་རྩ་བར་ ལོག་འོངས་སྦེ་ གདོང་སྐྱོ་མདོག་ ཤིག་ཤི་སྦེ་ སྡོད་ནུག།

ཤིང་དེ་གིས་ བུཚ་དེ་སྒྱིམ་ “རྩེདམོ་རྩེ་གེ་ ཤོག་དབའེ་” ཟེར་སླབ་ནུག།

“ང་ཨ་ལོ་ཆུང་ཀུ་ བཟུམ་སྦེ་ ཤིང་གི་ རྩ་བར་ རྩེདམོ་རྩེ་བའི་ སྤྱོ་མེད་” བུཚ་དེ་གིས་ ལན་དེ་སྦེ་ སླབ་ནུག། “ང་ རྩེད་ཆས་ ཉོ་ནི་གི་ ཏི་རུ་ དགོ་པས།”

“ཡཱ༑ ང་ལུ་ ཏི་རུ་འདིནི་མེད་ སྟེ། དེ་འབདཝ་ད་ ཁྱོད་ར་ ངེའི་ཨེ་པཱལ་ཚུ་ བཏོགས་འབག་སྦེ་ བཙོང་ད་ སྟེ།”

བུཚ་དེ་ གནམ་མེད་ས་མེད་ སེམས་དགའ་ཆི་ནུག། ཁོ་གིས་ ཨེ་པཱལ་ཚུ་ ག་ར་བཏོགས་འབག་སྦེ་ ཡར་སོ་ནུག། བུཚ་དེ་ ཨེ་པཱལ་ བཏོགས་འབག་པའི་ཤུལ་ལས་ ལོག་སྟེ་ར་ མ་འོངས་པས། ཤིང་དེ་ ཁོ་ར་རྐྱངམ་གཅིག་ སེམས་མ་དགའ་བར་ སྡོད་ནུག།

ཉིནམ་གཅིག་འབདཝ་ད་ བུཚ་དེ་ ལོག་འོངས་ནུག། འདི་བསྒང་ལས་ ཁོ་སྦོམ་ཐལ་ཏེ་ ཕོ་རྒྱ་དོས་རི་རི་ཅིག་ལུ་ ཐལ་ཡོདཔ་ཨིན་མས། ཤིང་དེ་ གནམ་མེད་ས་མེད་ སེམས་དགའ་ནུག།

ཤིང་གིས་  “རྩེདམོ་རྩེ་གེ་ ཤོག་”  ཟེར་སླབ་ནུག།

“ང་ ང་རའི་ བཟའ་ཚང་གི་ དོན་ལུ་ ལཱ་འབད་དགོཔ་ ལེ་ཤ་ཡོདཔ་ལས་ རྩེདམོ་རྩེ་སྡོད་ལོང་མེད། འདི་ལས་འདི་ ང་བཅས་བཟའ་ཚང་ཚུ་གི་ དོན་ལུ་ ཁྱིམ་ཅིག་ དགོཔ་ཐོན་ཡོདཔ་ལས་ ཁྱོད་ཀྱིས་ གྲོགས་རམ་ཅིག་ འབད་མི་ཚུགས་ག?”

“ཡཱ༑ ང་ལུ་ ཁྱིམ་འདི་མེད་ སྟེ། དེ་འབདཝ་ད་ ཁྱོད་ར་ ངེའི་གཞལ་ལག་ཚུ་ བཏོགས་འབག་སྦེ་ ཁྱིམ་རྐྱབ་ད་ སྟེ།” མི་དེ་ སེམས་དགའ་སྟེ་ གཞལ་ལག་ཚུ་ ཆ་མཉམ་ར་ བཏོགས་འབག་སྦེ་ ཡར་སོ་ནུག། མི་དེ་ སེམས་དགའ་ས་མཐོང་སྟེ་ ཤིང་དེ་ཡང་ སེམས་དགའ་ནུག། ཨིན་རུང་ མི་དེ་གིས་ ལོག་སྟེ་ ཚར་གཅིག་ར་ འོངས་བལྟ་མ་བཏུབ་ལས་ ཤིང་དེ་ ད་རུང་ སེམས་མ་དགའ་བར་ སྡོད་ནུག།

གནམ་བྱར་ ཚདཔ་འཚིགས་པའི་ དུས་གཅིག་ལུ་ ཕོ་རྒྱ་དེ་ ད་རུང་ ལོག་ལྷོད་ནུག།

ཤིང་དེ་ གནམ་མེད་ས་མེད་ སེམས་དགའ་སྟེ་ “རྩེདམོ་རྩེ་གེ་ ཤོག་དབའེ་” ཟེར་སླབ་ནུག།

“ད་ ང་ལོ་ན་རྒས་སོངཔ་ལས་ ཀོ་གྲུ་རེ་བཏང་སྦེ་ ལྷོད་ལྷོད་སྦེ་ སྡོད་ནི་སྦེ་ཨིན། ཁྱོད་ཀྱིས་ ང་ལུ་ ཀོ་གྲུ་ཅིག་ ཆ་རོགས་ འབད་མི་ཚུགས་ག?” ཕོ་རྒྱ་དེ་གིས་ དེ་སྦེ་སླབ་ནུག།

“ངེའི་ཤིང་སྡོང་འདི་ བཏོགས་འབག་སྦེ་ བཟོ་ད་ སྟེ།” ཕོ་རྒྱ་དེ་གིས་ ཤིང་སྡོང་དེ་ བཏོགས་འབག་སྦེ་ ཀོ་གྲུ་བཟོ་ད་ནུག། དེ་ལས་ དུས་ཡུན་ལེ་ཤ་ཅིག་གི་རིང་ལུ་ གདོང་ར་ སྟོན་མ་བཏུབ་པས།

ལོ་ལེ་ཤ་ཅིག་གི་རྒྱབ་ལས་ ད་རུང་ ཚར་གཅིག་ ལོག་ལྷོད་ནུག། དེ་བསྒང་ལས་ ཤིང་གིས་སླབ་ནུག། “ཡཱ༑ ད་ང་ལུ་ ཁྱོད་ལུ་སྦྱིན་ནི་གི་ཅ་ལ་ ག་ནི་ཡང་མེད་ སྨ་རེད། ཨེ་པཱལ་འདིནི་ ག་ར་རྫོགས་སོ་ཡི།” དེ་སྦེ་སླབ་ད་ མི་དེ་གིས་ སླབ་ནུག། “ཁྱད་མེད་ ཁྱད་མེད། ཨེ་པཱལ་ཟ་བར་ ང་ལུ་སོ་རང་མེད།”

“ཤིང་གུར་ འཛེགས་བཅུག་ནི་ས་ ཤིང་སྡོང་ཡང་ མེད།” ཤིང་དེ་གིས་ དེ་སྦེ་སླབ་ད་ མི་དེ་གིས་ དེ་སྦེ་སླབ་ནུག། “ད་ ལོ་ན་རྒས་ནི་འདི་གིས་ ཤིང་སྡོང་གུར་ཡང་ འཛེགས་མི་ཚུགས་པས།” “ང་གིས་ ཁྱོད་ལུ་ ག་ནི་ཡང་ སྦྱིན་མི་ཚུགས་པས།” ཤིང་དེ་གིས་ མིག་ལུ་ མིག་ཆུ་དང་བཅསཔ་སྦེ་ སླབ་ནུག།

“ང་ལུ་ དགོཔ་ག་ཅི་ཡང་མེད། ཨིན་རུང་ ང་ གནམ་མེད་ས་མེད་ ཐང་ཆད་དེ་ཡོདཔ་ལས་ ངལ་འཚོ་སྦེ་སྡོད་ས་ཅིག་ དགོཔ་ཡོད།” མི་དེ་གིས་ དེ་སྦེ་སླབ་ནུག།

“ཡ་ཡ། དེ་འབད་བ་ཅིན་ ངལ་འཚོ་ས་ དགའ་ཤོས་ར་ ཤིང་སྐམ་གྱི་ར་ཏོ་ཨིན། ཁྱོད་ར་ ངེའི་གུ་སྡོད་སྦེ་ ངལ་འཚོ་ཤིག་” ཟེར་སླབ་ནུག།

འ་ནི་འདི་ ང་བཅས་ག་ར་གི་ སྲུང་ཨིན། ཤིང་དེ་ ང་བཅས་རའི་ ཕམ་བཟུམ་ཅིག་ཨིན། ང་བཅས་ར་ ཆུང་ཀུ་སྦེ་ སྡོད་པའི་སྐབས་ལུ་ ཨ་པ་དང་ཨའི་གཅིག་ཁར་ རྩེདམོ་རྩེ་ནི་ལུ་ དགའཝ་ཨིན་རུང་ སྦོམ་འགྱོ་བའི་སྐབས་ལུ་ ང་བཅས་ཀྱིས་ ཁོང་བཀོ་བཞག་སྦེ་ རང་ལུ་དགོཔ་ཁག་ཆེཝ་དང་ རང་ལུ་དཀའ་ངལ་ཅིག་ མ་ཐོན་ཚུན་ཚོད་ ཁོང་འབད་སར་ ལོག་འགྱོ་བའི་སྤྱོ་མེད། ང་བཅས་ཀྱིས་ ག་དེ་སྦེ་འབད་རུང་འབད། ཕམ་ཚུ་གིས་ ཨ་རྟག་ར་ ང་བཅས་ལུ་ རྒྱབ་སྐྱོར་འབདཝ་མ་ཚད་ ང་བཅས་དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་སྡོད་ནི་གི་དོན་ལུ་ ཁོང་ལུ་ཡོད་ཚད་གཅིགཔོ་ ང་བཅས་ལུ་སྦྱིནམ་ཨིན།

ཁྱེད་ཀྱིས་ ཨ་ལོ་དེ་ ཤིང་དེ་ལུ་ ཐ་དམ་ཚིག་མེད་མི་ཅིག་ ཨིན་མས་ཟེར་མནོ་འོང་ག་ཡང་མི་ཤེས། དེ་འབདཝ་ད་ ང་བཅས་ཀྱིས་ ང་བཅས་རའི་ཕམ་ལུ་ ཆ་བཞག་བསྐྱེད་ཐང་ཡང་ འདི་དང་དབྱེ་བ་ག་ནི་ཡང་མེད།  ང་བཅས་ཀྱིས་ ཕམ་གྱིས་སྦྱིན་མི་དང་ ཕམ་གྱིས་འབད་མི་ཚུ་ ང་བཅས་རའི་ཐོབ་ཐང་བཟུམ་ཅིག་སྦེ་བརྩིས་ཏེ་ དགའ་ཚོར་ ཆུང་ཀུ་ཅིག་ར་ བསྐྱེད་པའི་སྤྱོ་མེད། ང་བཅས་ཀྱིས་ ཁོང་གི་རྐང་ཁྲི་སྟོངམ་མཐོངམ་ད་རྐྱངམ་གཅིག་ དགའ་ཚོར་སེམས་ཁར་དྲནམ་ཨིན། དེ་བསྒང་ལས་ དུས་ཚོད་ཕྱིསཔ་ལས་ བློ་འགྱོད་བསྐྱེད་པའི་གཞི་ར་ཨིན། དེ་འབདཝ་ལས་ སྲུང་འདི་གི་བཅུད་དོན་འདི་ ད་ལྟོ་ལས་ར་ རང་གི་ཕམ་ལུ་ ཆ་བཞག་དང་ བརྩི་མཐོང་བསྐྱེད་དེ་ གཅེས་སྐྱོང་འབད་དགོ་ཟེར་བའི་དོན་སྟོནམ་ཨིན་མས།

༼སྲུང་དེ་ ངོ་དེབ་ནང་ལས་ སྐད་བསྒྱུར་རྐྱབ་སྟེ་ བྲིས་བྲིཝ་ཨིན།༽

སྦྱིན་པ་འདི་ཉེས་དམིགས་སྦོམ་ཡོད་པའི་ཆོས་ཅིག་ཨིན།

ངོ་དེབ་ནང་ལུ་ བཀྲ་ཤིས་དོན་གྲུབ་ཟེར་མི་ ཤཱཀྱ་ཐུབ་པའི་དགེ་སློང་ཅིག་གིས་ John Davison Rockfeller  གྱི་གསུང་རྩོམ་ཅིག་ལུ་གཞི་བཞག་སྟེ་ སྦྱིན་པ་ནི་ ཉེས་དམིགས་སྦོམ་ཤོས་ཡོད་པའི་ ཆོས་ཅིག་ཨིནམ་སྦེ་གསུངས་ནུག། རྩོམ་པ་པོ་ཁོ་ར་གིས་གསུངས་དོ་བཟུམ་སྦེ་ ནང་པའི་ཆོས་གཞུང་ཚུ་ནང་ལས་ སྦྱིན་པ་གཏང་པ་ཅིན་ ཕན་ཡོན་སྦོམ་ཡོདཔ་སྦེ་ གསུངས་ཡོདཔ་མ་གཏོགས་ ཉེས་དམིགས་ཡོད་ཟེར་ གསུངས་གསུངམ་ ད་རེས་བར་ན་ ང་གིས་མ་མཇལ། ད་རེས་ ཤཱཀྱ་ཐུབ་པའི་དགེ་སློང་ཅིག་གིས་ ནང་པའི་ཆོས་གཞུང་ཚུ་ནང་ལས་གསུངས་མི་དང་ རྒྱབ་འགལ་ཀྲིག་ཀྲིག་སྦེ་ སྦྱིན་པ་འདི་ ཉེས་དམིགས་སྦོམ་ཡོད་པའི་ཆོས་ཅིག་ཨིན་ ཟེར་གསུངས་ས་མཐོངམ་ད་ ཚར་གཅིག་ང་ཡང་ བཞུ་ཚུགས་མ་ཚུགས་ཅིག་བཏང་ཡི། ཨིན་རུང་ མགུ་ལས་མཇུག་ཚུན་ཚོད་ ན་ཐན་སྦེ་ལྷག་བལྟཝ་ད་ ཁོ་གི་གསུང་ལུ་ བཅུད་གཅིག་འདུག

བཀྲ་ཤིས་ཀྱིས་འབད་བ་ཅིན་ འཛམ་གླིང་ནང་ སྦྱིན་པ་ཟེར་མི་འདི་མེད་པ་ཅིན་ ལྷངམ་རྐྱབ་མི་ སྤྱང་སློང་ཟེར་མི་ཡང་མེད་ནི་ཨིནམ་ལས་ སྤྱང་སློང་འདི་ སྦྱིན་པ་ལུ་བརྟེན་ཏེ་ བྱུང་བྱུངམ་ཨིན་ཟེརཝ་མས། དེ་སྦེ་ཨིན་པའི་སྐོར་ལས་ ཡ་ཧུ་ད་པ་ཟེར་བའི་མི་རིགས་ཅིག་ལུ་དཔེ་བཞག་སྟེ་ གསུངས་ཏེ་འདུག། ཡ་ཧུ་ད་པའི་སྲོལ་འཁྱུན་ནང་ མི་གཞན་ལུ་དོན་མེད་སྦྱིན་པ་གཏང་སྲོལ་མེདཔ་ལས་ འཛམ་གླིང་ནང་ ཡ་ཧུ་ད་པའི་མི་རིགས་ཨིན་མི་ སྤྱང་སློང་ཡང་མེད་ཟེར་ཨིན་མས། བོད་དང་ཧི་མ་ལ་ཡའི་མི་རིགས་ཚུ་ གོང་གི་མི་རིགས་ལས་ལྡོག་སྟེ་ སྦྱིན་པ་ལུ་ཤུགས་རྐྱབ་མི་ཅིག་ཨིནམ་ལས་ བོད་དང་ཧི་མ་ལ་ཡའི་མི་རིགས་ཀྱི་ ས་གནས་ག་ཏེ་ལས་ཕར་ཡང་ སྤྱང་སློང་གིས་ཁྱབ་སྟེ་ཡོད་ཟེརཝ་མས། དེ་སྦེ་འབད་ནི་འདི་གིས་ ཁོ་གིས་ “སྦྱིན་པ་ཡོད་སར་སྤྱང་སློང་ཡོད་ སྦྱིན་པ་མེད་སར་སྤྱང་སློང་ཡང་མེད་” ཟེར་སྡོམ་ཚིག་བཀོད་བཞག་ནུག།

དེ་མ་ཚད་ སྦྱིན་པ་གིས་ མི་གི་འཇོན་ཐང་དང་ ལྕོགས་གྲུབ་མེདཔ་གཏང་སྟེ་ མི་སྒྱིད་ངན་བཟོཝ་ཨིན་ཟེར་ཨིན་མས། བཀྲ་ཤིས་ཀྱིས་ དཔེ་ཅིག་བཞག་སྟེ་གསུངས་མི་ནང་ མི་ཚེམ་རྐྱབ་ནི་གི་འཇོན་ཐང་ཡོད་མི་ཅིག་ལུ་ ལཱ་འབད་མ་དགོ་པར་ ཏི་རུ་དང་ཟ་འཐུང་སྦྱིན་མི་ཅིག་ཡོད་པ་ཅིན་ མི་དེ་གིས་ཚེམ་རྐྱབ་ནི་བཤོལ་བཞག་སྟེ་ སྐྱིད་བུ་སྐྱོང་སྡོད་འོང་ཟེར་ཨིན་མས། ཁོ་གིས་ ཚེམ་རྐྱབ་ནི་བཤོལ་བཞག་པའི་ཉིནམ་ལས་ ཁོ་ལུ་ཡོད་པའི་ཚེམ་རྐྱབ་ནི་གི་འཇོན་ཐང་འདི་ བྱང་ནི་འགོ་བཙུགས་པའི་ཁར་ དུས་འདི་ལས་འགོ་བཟུང་སྟེ་ མི་འདི་སྒྱིད་ངན་ཅིག་ལུ་འགྱུར་ནི་གི་ འགོ་བཙུགསཔ་ཨིན་ཟེར་ཨིན་མས། ནམ་གཅིག་གི་ཚེ་ ཁོ་ལུ་ཟ་ཐུང་དང་ཏི་རུ་ རིན་མེད་སྟོང་པར་སྦྱིན་མི་འདི་ མེདཔ་འགྱོ་བའི་ཚེ་ ཁོ་སྤྱང་སློང་མ་འགྱུར་རང་འགྱུར་ཨིནམ་ལས་ སྦྱིན་པ་གིས་ སྤྱང་སློང་བཟོཝ་ཨིན་པའི་སྐོར་ བསྐྱར་བཟློས་ཡང་བཟློས་འབད་དགོཔ་མིན་འདུག་ཟེར་ གསུངས་བཞག་ནུག།

དེ་ལུ་ ན་ཐན་སྦེ་ མནོ་བསམ་ཅིག་བཏང་བལྟཝ་ད་ ཁོ་གིས་གསུངས་མི་གི་དོན་དག་སྙིང་པོ་འདི་ ནང་པའི་ཆོས་གཞུང་དང་རྒྱབ་འགལ་སོང་རུང་ ཁུངས་དང་སྒྲུབ་བྱེད་ཚུ་ ཚན་རིག་དང་མཐུནམ་ ཙང་ཙ་ཨིན་མས། ནཱ་ཀྲོང་གསར་ལུ་ཆ་བཞག་པ་ཅིན་ ལོ་དག་པ་ཅིག་གི་གོང་ལས་ སྤྱ་ཚུ་གིས་རྫོང་དང་ ཁྱིམ་ནང་ལས་ཕར་འཛུལ་ཏེ་ གནོདཔ་བཀལ་བའི་ དཀའ་ངལ་ཅིག་ ཐོན་ཏེ་ཡོད། དེ་བཟུམ་གྱི་དཀའ་ངལ་ཐོན་མི་དེ་ཡང་ མི་ལ་ལུ་གིས་འབད་བ་ཅིན་ མི་མ་ཡིན་མ་མོ་དང་ ཆོས་སྐྱོང་སྲུང་མ་ཚུ་ ཁྲོས་པའི་རྟགས་མཚན་ཨིན་ཟེར་བཤདཔ་ཨིན་མས། དེ་འབདཝ་ད་ བཀྲ་ཤིས་རྡོ་རྗེ་གི་གསུང་ལུ་བལྟ་བ་ཅིན་ གོང་གསལ་དཀའ་ངལ་འདི་ ང་བཅས་ར་མི་གིས་ བཟོ་བཟོཝ་དང་ དེ་ཡང་སྦྱིན་པ་བཏང་སྟེ་ བཟོ་བཟོཝ་ཅིག་ཨིན་མས།

དེ་ཡང་ ཀྲོང་གསར་རྫོང་ནང་ལུ་ དུས་ཨ་རྟག་ར་ དུས་མཆོད་འབུམ་སྡེ་ མ་ཆད་པར་གཟུང་ནི་ཡོད། རྫོང་འདི་ བྱག་གུ་ལུ་འབད་ནི་འདི་གིས་ དུས་མཆོད་འབུམ་སྡེ་ཚུ་གི་སྐབས་ལུ་ གཏོརམ་དང་ཚོགས་བཤགས་དགོཔ་ཚུ་ གཏོང་སེམས་ཆེ་ཆེ་ར་འདྲཝ་སྦེ་ བྱག་གུ་ལས་མར་ བཀོ་བཀོཝ་འོང་། དེ་སྦེ་བཀོ་བའི་བསྒང་ལས་ བཀྲ་ཤིས་ཀྱིས་གསུངས་དོ་བཟུམ་སྦེ་ སྤྱ་ཚུ་ཤིང་གི་དོག་མ་ཟ་བར་འགྱོཝ་བཤོལ་ཏེ་ ཡར་ལས་བཀོ་མི་ཚོགས་དང་གཏོརམ་ར་ཟ་སྡོད་སྦེ་ ཡུདཔ་གཅིག་ཁ་ལས་ སྤྱ་ཚུ་སྒྱིད་ངན་ཐལ་སོངཔ་འོང་ནི་མས། ནམ་ཅིག་གི་ཚེ་ བྱག་གུ་ལས་མར་ ཚོགས་དང་གཏོརམ་བཤགས་ནི་རྒྱུན་ཆད་ཆདཔ་དང་ ཡང་ཅིན་ ཡར་ལས་བཀོ་མི་འདི་གིས་མ་ལང་པའི་སྐབས་ལུ་ ཁྱིམ་དང་རྫོང་ནང་ལས་ཕར་ འཛུལ་བར་འོང་དོ་འོང་ནི་མས།

གོང་གསལ་སྤྱ་གི་དཀའ་ངལ་ལས་རྟ་དྲངས་ཏེ་བལྟ་བ་ཅིན་ ང་བཅས་རའི་ཁྲོམ་སྡེ་ཚུ་ནང་ལུ་ ན་གཞོན་གྱི་དཀའ་ངལ་གྱི་རྒྱུ་རྐྱེན་འདི་ཡང་ མཐར་ཐུག་ས་ སྦྱིན་པ་ལུ་ཐུགཔ་མེན་ན་མནོཝ་གཏང་མས། དེ་ཡང་ ང་བཅས་ར་འབྲུག་པའི་མི་ཚུ་གིས་ སྤུན་སྤུན་ཆ་ གཉེན་ཉེཝ་ ལྟ་ལྟོ་ཚང་ཚུ་ལུ་ བྱམས་བརྩེ་ཡོད་ཡོད་ར་འདྲཝ་སྦེ་ ཟ་ཐུང་དང་ སྡོད་ས་ཚུ་རིན་མེད་སྟོང་པར་སྦྱིནམ་མ་ཚད་ འཕྲལ་འཕྲལ་སྐབས་ ཏི་རུ་རེ་ཡང་སྦྱིན་ནི་ཡོད། དེ་སྦེ་ ཟ་ཐུང་དང་སྡོད་ས་ ཏི་རུ་ཚུ་རིན་མེད་སྟོང་པར་ཐོབ་པའི་བསྒང་ལས་ ན་གཞོན་ཚུ་གི་སེམས་ཁར་ ཚ་གྱང་དང་སྡུག་བསྔལ་ག་ནི་ཡང་མི་ཕོག་དོ་ཡོདཔ་མས། སེམས་ཁར་ཚ་གྱང་དང་སྡུག་བསྔལ་ཅིག་མེད་པའི་བསྒང་ལས་ མི་སྒྱིད་ངན་ཅིག་ལུ་འགྱུར་ནི་དང་ སྒྱིད་ངན་ཐལ་བའི་ཉིནམ་ལས་ བཀྲ་ཤིས་ཀྱིས་གསུངས་དོ་བཟུམ་ འཇོན་ཐང་དང་ལྕོགས་གྲུབ་ག་ནི་ཡང་མེད་ཅིག་ལུ་འགྱུརཝ་ཨིན་མས། ནམ་གཅིག་གི་ཚེ་ ཁོང་ལུ་དགོ་པའི་ཟ་ཐུང་དང་ སྡོད་ས་ ཏི་རུ་ཚུ་ རིན་མེད་སྟོང་པར་སྤྲོད་མི་དེ་ མེདཔ་འགྱོ་བའི་སྐབས་དང་ ཡང་ཅིན་ ཕམ་སྤུན་ཆ་ཚུ་གིས་ ཁོང་ལུ་དགོ་རིགས་དགོ་ཚད་ སྤྲོད་མ་ཚུགས་པའི་བསྒང་ལས་ དེ་ལས་ རྐུ་གསོད་འཕྲོག་བཅོམ་ལ་སོགས་པའི་ ལཱ་ངན་འབད་དགོཔ་ཐོནམ་ཨིན་མས།

དེ་འབདཝ་ད་ གོང་གསལ་དཀའ་ངལ་དེ་ཚུ་ སྦྱིན་པ་དང་ཐད་ཀར་འབྲེལ་བ་ཡོད་རུང་ ཉེར་ལེན་གྱི་རྒྱུ་གཙོ་བོ་འདི་ སྦྱིན་པ་མེན་པར་ཞིན་ན་ སྦྱིན་པ་གཏང་ཐང་ཨིན་མས། དེ་འབདཝ་ལས་ བཀྲ་ཤིས་རྡོ་རྗེ་གི་གསུང་ལུ་གཞི་བཞག་སྟེ་ འབྲུག་མི་ཚུ་གིས་ སྦྱིན་པ་གཏང་ཐང་ ལེགས་བཅོས་འབད་དགོཔ་ཁག་ཆེ་ནི་མས། གལ་སྲིད་ སྦྱིན་པ་གཏང་ཐང་ལེགས་བཅོས་མ་འབད་བ་ཅིན་ དབུ་མ་འཇུག་པ་ལས་ མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་བྱུང་མཁྱེན་ནས། །ཟེར་གསུངས་མི་དང་ རྒྱབ་འགལ་སོང་སྟེ་ བཀྲ་ཤིས་རྡོ་རྗེ་གིས་གསུངས་དོ་བཟུམ་ སྦྱིན་པ་འདི་ ཉེས་དམིགས་སྦོམ་ཤོས་ཨིན་པའི་ཆོས་ཅིག་ལུ་ ཐད་རེ་བ་རེ་ར་ཆགས་ནི་ཨིན་མས་གོ༎

སྤྲེལ་ཟླ་ཚེས་བཅུ་ཟེར་མི་འདི་ག་ཅི་སྨོ།

སྤྲེལ་ཟླ་ཚེས་བཅུ་ཟེར་མི་འདི་ གུ་རུ་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་ཨིན། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་མཆོག་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་རྩ་མཆོག་གྲོང་ལུ་སྐུ་མྱ་ངན་ལས་འདའ་ནི་འབད་བའི་སྐབས། སངས་རྒྱས་ཁོ་རའི་སློབམ་དགྲ་བཅོམ་པ་ཆ་ཁྱབ་ལུ་དེ་སྦེ་གསུངས་ནུག། “ད་ང་མྱ་ངན་ལས་འདའ་ནི་ཨིན། ཁྱེད་ཆ་ཁྱབ་མྱ་ངན་འབད་མི་དགོ་སྨ་རེད། ང་མྱ་ངན་ལས་འདས་ཏེ་ལོ་བརྒྱད་འགྱོཝ་ད་ཨོ་རྒྱན་གྱི་ཡུལ་ལུ་པདྨ་འབྱུང་གནས་ཟེར་མི་ཅིག་ལུ་ལོག་སྟེ་འཁྲུངས་འོང་།”  དེ་སྦེ་ལུང་བསྟན་གནངམ་བཞིན་དུ་ཨོ་རྒྱན་རིན་པོ་ཆེ་མཆོག་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་བརྒྱད་ལུ་ཨོ་རྒྱན་གྱི་ཡུལ་ལྷོ་ནུབ་འོ་མ་ཅན་གྱི་མཚོ་ནང་མེ་ཏོག་པདྨ་གུ་ལས་རྫུས་སྐྱེས་སྦེ་སྐུ་འཁྲུངས་ནུག། འ་ནི་གི་ཉིནམ་འདི་ཁར་ང་བཅས་ར་ཆ་ཁྱབ་ཀྱིས་སྤྲེལ་ཟླ་ཚེས་བཅུ་ཟེར་སླབ་ཏེ་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་དུས་ཆེན་སྦེ་བརྩིཝ་ཨིན།

དེ་འབདཝ་ད་གུ་རུ་རིན་པོ་ཆེ་འཁྲུངས་པའི་དུས་ཚོད་འདི་ལུ་བརྩི་ཐངས་མ་འདྲཝ་ཁག་དག་པ་ཅིག་ཡོདཔ་ཨིན་མས། དེ་ཡང་འབྲུག་རྒྱལ་ཁབ་ནང་རྩིས་གཞུང་སློབ་གྲྭའི་ཟླ་ཐོ་དང་འཁྲིལ་ཏེ་འབྲུག་ཟླ་ལྔ་པའི་ཚེས་བཅུ་ཐམ་ལུ་བརྩི་སྲོལ་ཡོངས་གྲགས་སོང་ཡོདཔ་ཨིན་རུང་། སྔ་འགྱུར་རྙིང་མའི་བླམ་སྐད་གྲགས་ཆེ་ཤོས་ཅིག་ཨིན་མི་རིག་འཛིན་འཇིགས་མེད་གླིང་པ་གིས་འབད་བ་ཅིན་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་གྱི་ཉིནམ་འདི་ཟླཝ་དྲུག་པའི་ཚེས་༡༠ ལུ་ཕོགཔ་ཨིནམ་སྦེ་གསུངས་ཡོདཔ་ཨིན་མས། འདི་གིས་སྦེ་བོད་པའི་ཟླ་ཐོ་ལ་ལུ་ནང་ལུ་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་དུས་ཆེན་འདི་ཟླཝ་དྲུག་པའི་ཚེས་བཅུ་ཐམ་ལུ་ཨིནམ་སྦེ་བཀོད་མི་ཡང་ཡོདཔ་ཨིན་མས། དེ་བཟུམ་གྱི་བརྩི་ཐངས་ཁག་མ་འདྲཝ་སོ་སོ་ཐོན་དགོ་མི་འདི་ཡང་། གུ་རུ་རིན་པོ་ཆེ་འཁྲུངས་པའི་ཉིནམ་དེ་སྤྲེལ་གྱི་ཟླ་བའི་ཚེས་བཅུ་ཐམ་ལུ་ཨིནམ་སྦེ་བརྩིཝ་བཞིན་དུ། སྤྲེལ་གྱི་ཟླཝ་ནམ་ཨིན་ན་ཏན་ཏན་སྦེ་ངོས་འཛིན་འབད་ནི་མེད་ནི་འདི་གིས་ཨིན་མས།

དེ་ཡང་ འབྱུང་རྩིས་པའི་ལུགས་ལས་འབད་བ་ཅིན་ཟླཝ་བཅུ་གཅིགཔ་འདི་སྟག་གི་ཟླཝ་སྦེ་བརྩི་ནི་འདི་གིས་ཟླཝ་ལྔ་པ་ལུ་སྤྲེལ་གྱི་ཟླཝ་ཕོགཔ་ལས་ད་རེས་ང་བཅས་ཀྱིས་སྤྲེལ་ཟླ་ཚེས་བཅུ་སྦེ་བརྩི་མི་དེ་འབྱུང་རྩིས་པའི་ལུགས་ཨིནམ་འོང་ནི་མས། དེ་ལས་ འཇིགས་མེད་གླིང་པ་གིས་འབད་བ་ཅིན་ཟླཝ་༡༢ པ་འདི་སྟག་གི་ཟླཝ་སྦེ་བརྩིཝ་ལས་ཟླཝ་དྲུག་པ་གུ་ཀྲིག་ཀྲིག་སྤྲེལ་གྱི་ཟླཝ་ཕོག་ནི་འདི་གིས་ཟླཝ་དྲུག་པའི་ཚེས་བཅུ་ཐམ་ལུ་སྤྲེལ་ཟླ་ཚེས་བཅུ་སྦེ་བརྩིཝ་ཨིན་མས།

དེ་ལས་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་གི་གཡུས་ཚན་ལ་ལུ་ནང་ལུ་ཟླཝ་བཞི་པའི་ཚེས་༡༥ ལུ་སྤྲེའུ་མཆོད་ཟེར་མི་ཅིག་བཟུང་སྲོལ་འདུག། དུས་ཚོད་ནམ་བཟུངམ་ཨིན་ན་མ་ཤེས་རུང་སྤྲེའུ་མཆོད་ཟེར་མི་ཅིག་བོད་ལུ་ཡང་བཟུང་སྲོལ་སྡོད་ནུག། བོད་ཀྱི་ཚིག་མཛོད་ཚུ་ནང་བལྟཝ་ད་སྤྲེའུ་མཆོད་ཟེར་མི་འདི་སྤྲེལ་ཟླ་ཚེས་བཅུའི་མཆོད་པ་ཟེར་བའི་བསྡུས་ཚིག་ཨིནམ་སྦེ་བཀོད་ནུག། དེ་མ་ཚད་སྤྲེལ་ཟེར་མི་འདི་སེམས་ཅན་སྤྱ་ལུ་གོཝ་བཞིན་དུ་སྤྲེའུ་མཆོད་བཟུང་སྲོལ་ཡོད་མི་གཡུས་ཚན་དེ་གི་ཁ་སྐད་ནང་ལས་སྤྲེའུ་ཟེར་མི་འདི་ཡང་སྤྱ་ལུ་གོཝ་མས། འ་ནེ་སྦེ་འབདཝ་ད་འབྲུག་ལུ་བཟུང་སྲོལ་ཡོད་མི་སྤྲེའུ་མཆོད་འདི་ཡང་སྤྲེལ་ཟླ་ཚེས་བཅུའི་མཆོད་པ་འདི་ར་ཨིནམ་འོང་ནི་མས། གལ་སྲིད་སྤྲེའུ་མཆོད་འདི་སྤྲེལ་ཟླ་ཚེས་བཅུའི་མཆོད་པ་ཟེར་བའི་དོན་ཨིན་པ་ཅིན་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་ཟླཝ་བཞི་པའི་ཚེས་༡༥ ལུ་བརྩི་མི་ཅིག་ཡང་ཐོནམ་ཨིན་མས།

འ་ནེ་སྦེ་འབདཝ་ད་ང་བཅས་ཀྱིས་ག་ལུ་ཆ་བཞག་ནི་སྨོ། ང་བཅས་ར་ཆ་ཁྱབ་ཀྱིས་སྤྲེལ་ཟླ་ཚེས་བཅུ་ཨིན་ཟེརཝ་ད་ལྷ་ཁང་རེ་མཇལ་དཀར་མེ་རེ་ཕུལ་སྦེ་སྡོད་པ་གིས་བཏུབ་ག། སྤྲེལ་ཟླ་ཚེས་བཅུ་ཟེར་མི་ག་ཅི་ཨིན་ན་དང་དེ་གི་ཁུངས་དང་དགོས་པ་ཚུ་གི་སྐོར་ལས་དྲི་མི་རེ་ཐོན་པ་ཅིན་ཧིངས་སངས་ས་སྦེ་སླབ་ཚུགས་མི་དགོ་ག སླབ་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་རང་གི་ལམ་ལུགས་སྲོལ་རང་གིས་ཁུངས་བསྐྱལ་མ་ཚུགས་པའི་གྲངས་སུ་འགྱོཝ་མས་མེན་ན། དེ་འབདཝ་ལས་ན་གཞོན་ཤེས་ཡོན་ཅན་ཚུ་གིས་ཞིབ་འཚོལ་འབད་ནི་གི་རེ་བ་རེ་ཡོད་པ་ཅིན་ང་གིས་རྣམ་རྟོག་གི་ས་བོན་དུམ་གྲ་ཅིག་སྦྱིན་གེ

དེ་ཡང་གུ་རུ་རིན་པོ་ཆེ་གི་རྣམ་ཐར་པདྨ་བཀའ་ཐང་མུན་སེལ་སྒྲོན་མེ་ནང་ལུ་འབད་བ་ཅིན་གུ་རུ་རིན་པོ་ཆེ་མཆོག་མེ་ཏོག་པདྨའི་གུ་བཞུགས་ཡོདཔ་རྒྱལ་པོ་ཨིནྡྲ་བོ་དྷིའི་ཆོས་བློན་ཏྲི་ན་འཛིན་གྱིས་སྤྲེལ་ལོ་སྟོན་ཟླ་ར་བའི་ཚེས་བཅུ་ཐམ་ལུ་མཇལ་ཡི་ཟེར་གསུངས་ནུག། སྟོན་ཟླ་ར་བ་འདི་འབྱུང་རྩིས་པའི་ལུགས་ལས་འབད་བ་ཅིན་ཟླཝ་ལྔ་པ་ལུ་ཕོགཔ་ཨིན་རུང་ཨིང་ལིཤ་ནང་ལས་འབདན་ Autumn ལུ་ཟླཝ་གསུམ་ཡོད་པའི་ནང་ལས་དང་པམ་འདི་ཨིན་པའི་ཁར། ང་བཅས་རའི་ཁ་ནང་ལས་འབད་རུང་ལོ་ཐོག་ཚུ་བསྡུ་ཚརཝ་ད་རྐྱངམ་ཅིག་སྟོན་ཐོན་ཡི་ཟེར་སླབ་སྲོལ་ཡོདཔ་ལས་སྟོན་ཟླ་ར་བ་འདི་ཟླཝ་ལྔ་པའི་ནང་བརྩི་ནི་འོས་འབབ་ཡོད་མེད་བརྟགས་དཔྱད་གཏང་དགོཔ་འདུག པདྨ་བཀའ་ཐང་གའུ་མ་ནང་ལུ་འབད་བ་ཅིན་སྤྲེལ་ལོའི་དཔྱིད་ཟླ་ར་བ་ལུ་འཁྲུངས་ཡོདཔ་སྦེ་གསུངས་ནུག། དེ་སྦེ་ཨིན་པ་ཅིན་དཔྱི་ར་འདི་འབྱུང་རྩིས་པའི་ལུགས་ལས་ཟླཝ་༡༡ པ་དང་། དུས་འཁོར་གྱི་ལུགས་ལས་ཟླཝ་༡ པའི་ནང་ཕོགཔ་ཨིན་མས། དཔྱིད་ར་ཟེར་མི་འདི་དབྱིན་སྐད་ནང་ལས་འབད་ Spring ལུ་ཟླཝ་གསུམ་ཡོད་པའི་ནང་ལས་དང་པམ་འདི་ཨིནམ་ལས་འབྱུང་རྩིས་པའི་ལུགས་ལས་འདི་དུས་འཁོར་པའི་ལུགས་འདི་ཐག་ཉེ་ནི་བཟུམ་མཐོང་མས།

དེ་བཟུམ་སྦེ་སངས་རྒྱས་གླིང་པའི་བཀའ་ཐང་། རཏྣ་གླིང་པའི་བཀའ་ཐང་། ཨོ་རྒྱན་གླིང་པའི་བཀའ་ཐང་། མྱང་རལ་གྱི་བཀའ་ཐང་ལ་སོགས་པ་བཀའ་ཐང་རེ་རེ་བཞིན་དུ་བལྟ་བ་ཅིན་དེ་ཚུ་ནང་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་སོ་སོ་རེ་རེ་འཐོན་ནི་ཨིན་མས། དེ་སྦེ་འཐོན་པ་ཅིན་ང་བཅས་ཀྱིས་ད་ལྟོ་ཟླཝ་༥ པའི་ནང་ལུ་བརྩི་མི་དེ་ག་ཅི་ལུ་གཞི་བཞག་སྟེ་བརྩི་ཡི་ག་དང་། ག་ཅི་སྦེ་ཨིན་ན་མནོ་བསམ་གཏང་དགོཔ་མིན་འདུག་ག།

སུམ་ཅུ་པའི་བདག་སྒྲ་ལུ་དཔྱད་པ།

སུམ་ཅུ་པའི་སྐབས་བདག་སྒྲ་ཕྲད་རང་དབང་ཅན་སྦེ་སྟོན་ཡོདཔ་ཨིན་རུང་ལེགས་བཤད་ལྗོན་དབང་གི་སྐབས་གཞན་དབང་ཅན་སྦེ་སྟོན་དགོ་པའི་ཁུངས་ག་ཅི་ཨིན་ན?

ངོ་སྤྲོད།

འཕྲལ་ཁམས་ཅིག་ཁར་སློབ་གྲྭའི་སློབ་དཔོན་ཅིག་གིས་”སུམ་ཅུ་པའི་སྐབས་བདག་སྒྲ་ཕྲད་རང་དབང་ཅན་སྦེ་སྟོན་ཡོདཔ་ཨིན་རུང་ལེགས་བཤད་ལྗོན་དབང་གི་སྐབས་གཞན་དབང་ཅན་སྦེ་སྟོན་དགོ་པའི་ཁུངས་ག་ཅི་ཨིན་ན་”ཟེར་བའི་དྲི་བ་ཅིག་སློབ་ཕྲུག་ཚུ་ལུ་གནང་ཡོད་མི་དེ་སློབ་ཕྲུག་ཚུ་བརྒྱུད་དེ་ངེའི་ལག་པར་ཐོབ་ཅི། གཤམ་གསལ་རྩོམ་ཡིག་དེ་དྲི་བ་དེ་ལུ་གཞི་བཞག་སྟེ་ཞིབ་འཚོལ་འབད་བའི་གྲུབ་འབྲས་ཨིནམ་ལས་རྒྱ་ཆེ་བའི་མི་མང་ཡོངས་ལུ་གཟིགས་ཕུལ་ཞུ་ནིའི་དོན་ལུ་ཟིན་བྲིས་འདི་ནང་བཀོད་བཀོདཔ་ཨིན། རྩོམ་ཡིག་འདི་ནང་མཁས་པ་ཐུགས་དགྱེས་ཚུགས་པའི་ཡོན་ཏན་མེད་རུང་བརྡ་སྤྲོད་ཀྱི་རིག་གཞུང་ལུ་བློ་ཁ་ཕྱོགས་མི་ང་བཟུམ་གྱི་བློ་གསར་ཆ་ཁྱབ་ལུ་ཕན་པའི་ཆ་རེ་ཡང་ཡོད་སྲིད་འོང་། དེ་འབདཝ་ལས་དགའ་སྤྲོའི་ངང་ལས་གཟིགས་གནང་འོང་མནོ་བའི་རེ་བ་ཡོད།

རྩ་བ་ངོས་བཟུང་བ།
བདག་སྒྲའི་རྩ་བ་འདི། སུམ་ཅུ་པ་ནང་ལུ། གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཟེར་གསུངས་མི་འདི་དང་། ལེགས་བཤད་ལྗོན་དབང་ནང་ལུ་འབད་བ་ཅིན། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་མཐར། །བདག་སྒྲ་ཡར་འགྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཟེར་མི་འདི་གིས་སྟོནམ་ཨིན།

མཁས་པ་སོ་སོའི་བཞེད་པ།
སུམ་ཅུ་པའི་ནང་གི་བདག་སྒྲའི་རྩ་བ་དེ་ལུ་སུམ་ཅུ་པའི་འགྲེལ་བྱེད་མཁས་པ་ཆ་ཁྱབ་ཀྱི་བར་ན་བཞེད་ཚུལ་མ་འདྲཝ་ཁག་ལེ་ཤ་བྱུང་ནུག། དེ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་[1]འབད་བ་ཅིན་པུ་ལིངྒ་ཟེར་མི་འདི་ཕོ་རྟགས་ལུ་གོཝ་ལས། བདག་སྒྲའི་ཕྲད་ཨིན་པ་ཅིན་བདག་པོའི་དོན་སྟོན་མི་ཅིག་དང་དེ་ཡང་ཕོ་རྟགས་མཚོན་བྱེད་ཀྱི་ཡི་གུ་ཅིག་ཨིན་དགོ་ཟེར་གསུངས་ནུག། དེ་འབདཝ་ལས་བདག་སྒྲའི་ཕྲད་འདི་པ་དང་པོ་གཉིས་རྐྱངམ་གཅིག་བཞེདཔ་ཨིན་མས།

དངུལ་ཆུ་དྷརྨ་བྷ་དྲ་[2]གིས་འབད་བ་ཅིན་པུ་ལིངྒ་ཟེར་མི་འདི་པ་སྡེའི་རྟགས་ཟེར་བའི་དོན་ཨིནམ་ལས་བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་དྲུག་ཨིནམ་སྦེ་གསུངས་ནུག། ལེགས་བཤད་ལྗོན་དབང་གི་རྩོམ་པ་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་འདི་དངུལ་ཆུ་དྷརྨ་བྷ་དྲའི་ཞལ་སློབ་ཨིནམ་ལས་ལེགས་བཤད་ལྗོན་དབང་ནང་བདག་སྒྲའི་ཕྲད་དྲུག་གསུངས་མི་དེ་ཡང་དངུལ་ཆུ་དྷརྨ་བྷ་དྲའི་དགོངས་པ་ལུ་གཞི་བཞག་སྟེ་གསུངས་གསུངམ་ཨིན་མས། ད་རེས་ནངས་པར་བོད་ཀྱི་རིག་གཞུང་ལུ་མཁས་པའི་མིང་གཏམ་ཡོད་མི་ཚེ་བརྟན་ཞབས་དྲུང་གིས་ཡང་བདག་སྒྲའི་ཐད་ལུ་ལྷོདཔ་ད་དངུལ་ཆུ་དྷརྨ་བྷ་དྲའི་རྗེས་སུ་འབྲངས་ནི་ཨིན་[3]ཟེར་གསུངས་ནུག།

མཐའ་དཔྱད་པ།
༡༽དེམ་ཅིག་གིས་བདག་སྒྲའི་སྐོར་གྱི་མཁས་པ་སོ་སོའི་བཞེད་པ་ངོས་འཛིན་འབད་ཚར་བའི་དབང་དུ་སྟེ། ད་ནཱ་ལས་མར་དེ་ཚུ་ལུ་དཔྱད་པ་འབད་ནི་ཨིན། དང་པ་ར་པུ་ལིངྒའི་གོ་དོན་ལུ་དཔྱད་པ་ཅིན། སི་ཏུ་གིས་པུ་ལིངྒ་ཟེར་མི་འདི་ཕོ་རྟགས་ཨིནམ་སྦེ་འགྲེལ་བཤད་གནང་ཡོདཔ་ད། དེ་ཡང་ལེགས་སྦྱར་གྱི་སྐད་ལས་ཕོ་སྐྱེས་ལུ་གོ་དོ་ཡོད་པའི་པུ་རུ་ཥ་གི་རུ་དང་ཥ་གཉིས་བསྡུས་ཞིན་ན་རྟགས་ལུ་གོ་དོ་ཡོད་པའི་ལིངྒ་དང་གཅིག་ཁར་བསྡོམས་ཏེ་པུ་ལིངྒ་ཟེར་གྲུབ་ཡོདཔ་སྦེ་བཞེདཔ་ཨིན་མས། ཕོ་རྟགས་ཟེར་མི་འདི་ཡང་ཕོ་མཚོན་བྱེད་ཀྱི་རྟགས་ལུ་སླབ་དོ་ཡོདཔ་བཞིན་དུ། ནཱ་ལུ་ཡང་བོད་སྐད་ནང་ཡོངས་སུ་གྲགས་པའི་ཕོ་མཚོན་བྱེད་ཀྱི་རྟགས་པ་དང་པོ་གཉིས་ལུ་གོ་དགོཔ་སྦེ་གསུངམ་ཨིན་མས།

དངུལ་ཆུ་དྷརྨ་བྷ་དྲ་གིས་འབད་བ་ཅིན་པུ་ལིངྒ་ཟེར་མི་འདི་ལེགས་སྦྱར་གྱི་སྒྲ་གཞུང་ཚུ་ནང་པུ་ཟེར་མི་འདི་པ་སྡེ་ལུ་གོ་དགོཔ་སྦེ་གསུངས་ཡོད་མི་ལུ་གཞི་བཞག་སྟེ་ཕོ་རྟགས་ཟེར་བའི་དོན་མེན་པར་ཞིན་ན་པ་སྡེའི་རྟགས་ཟེར་བའི་དོན་ཨིནམ་སྦེ་གསུངས་ནུག།

དེ་ལུ་དཔྱད་པ་ཅིན། སུམ་ཅུ་པ་ནང་བདག་སྒྲ་སྟོན་པའི་འོག་ལུ་ར། གང་མིང་གི་ནི་ཡ་མཐའ་ན། །སྟྲི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྒྲ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཟེར་དགག་སྒྲ་བཤད་ཡོདཔ་ད། དེའི་སྐབས་ཀྱི་སྟྲི་ལིངྒ་འདི་མོ་རྟགས་ལུ་གོཝ་ཨིནམ་མཁས་པ་ཕྱོགས་སྔ་ཕྱི་གཉིས་ཆ་ར་དགོངས་པ་མཐུནམ་ལས། པུ་ལིངྒའི་དོན་ཡང་ཕོ་རྟགས་སྦེ་བཤད་པ་ཅིན་འོས་འབབ་ཆེཝ་སྦེ་མཐོངམ་ཨིན་མས། དེ་སྦེ་མཐོང་དགོ་པའི་རྒྱུ་མཚན་ཡང་མིང་གང་རུང་ཅིག་གི་མཐའ་མ་ལུ་ཧེ་མ་མེད་པའི་ཕོ་རྟགས་ཀྱི་ཡི་གུ་གསརཔ་བཀལ་བ་ཅིན་བདག་སྒྲ་ལུ་འགྱུར་ནི་དང་། མིང་གང་རུང་ཅིག་གི་ཐོག་མར་ཧེ་མ་མེད་པའི་མོ་རྟགས་ཀྱི་ཡི་གུ་གསརཔ་བཀལ་བ་ཅིན་དགག་སྒྲ་ལུ་འགྱུར་ནི་ཨིན་ཟེར་སླབ་ད་ལུ། བདག་སྒྲ་དང་དགག་སྒྲའི་གོ་དོན་རགས་རིམ་ཙམ་ཅིག་དེ་འཕྲལ་ལས་སེམས་ཁར་ངེས་ཚུགས་ནི་ཨིན་མས།

བདག་སྒྲ་དང་དགག་སྒྲ་གཅིག་ཤུལ་གཅིག་སྦེ་མཉམ་ཅིག་བཞག་དགོ་མི་འདི་ཡང་རྒྱུ་མཚན་དེ་ལུ་ཐུགཔ་ཨིན་མས། དེ་གིས་སྦེ་སི་ཏུའི་དགོངས་པ་འདི་ཐུ་མི་སམ་བྷོ་ཊའི་དགོངས་པ་ངོ་མ་དང་། གཅིགཔོ་འདི་ཐུ་མི་གི་དགོངས་མེན་ཟེར་སླབ་པ་ལུ་གཡང་ཟ་དགོཔ་ག་ནི་ཡང་མིན་འདུག། དེ་སྦེ་ཨིན་མི་ཡང་དངུལ་ཆུ་དྷརྨ་བྷ་དྲ་ཁོ་ར་གིས་ར་སུམ་ཅུ་པའི་འགྲེལ་པ་སི་ཏུའི་ཞལ་ལུང་ནང་འགྲེལ་བཤད་མང་ཤོས་ཅིག་སི་ཏུའི་ལུགས་ག་ཨིནམ་བཞག་ཡོདཔ་ཨིན་རུང་། བདག་སྒྲའི་སྐབས་ལུ་པུ་ལིངྒའི་དོན་པ་སྡེ་ལུ་གོ་དགོཔ་སྦེ་འགྲེལ་བཤད་རྐྱབ་དགོ་མི་འདི་སི་ཏུའི་འགྲེལ་པ་ནང་བདག་སྒྲའི་སྐབས་ལུ་ལྷོདཔ་ད་ཡི་གུ་གསལ་ཏོག་ཏོ་སྦེ་མཐོང་མ་ཚུགས་ནི་འདི་གིས། རྗེ་ཞྭ་དམར་པའི་འགྲེལ་ཚུལ་སེམས་ཁར་ཡོད་མི་ལུ་གཞི་བཞག་སྟེ་བཀོད་བཀོདཔ་ཨིནམ་ལས། སུམ་ཅུ་པའི་དགོངས་པ་དང་མཐུན་མི་མཐུན་མི་ཤེས་[4]ཟེར་གསུངས་ཡོད་མི་གིས་ཡང་ཧ་གོ་བས།

ཚེ་བརྟན་ཞབས་དྲུང་གིས། གཞུང་གི་མཚན་ལུ་སི་ཏུའི་ཞལ་ལུང་ཟེར་བཏགས་ཞིན་ན། གཞུང་དོན་གཞན་ག་ར་སི་ཏུའི་རྗེས་སུ་འབྲངས་ཏེ་འབད་ས་ཅིག་རུང་། བདག་སྒྲའི་ཐད་ལུ་ལྷོདཔ་ད་སི་ཏུ་དང་མ་འཁྲིལ་བར་སོ་སོ་སྦེ་འགྲེལ་བཤད་རྐྱབ་མི་ལུ་གནན་འགག་སྦོམ་ཡོདཔ་ཤེས་དགོ་[5]ཟེར་གསུངས་ཏེ་ཁོ་གི་བློ་དང་རྒྱབ་ཧྲིལ་བུམ་སི་ཏུའི་ཞལ་ལུང་ལུ་གཏད་ཡོད་རུང་། གནད་འགག་སོ་སོ་ཅིག་ག་ནི་ཡང་མེདཔ་གོང་གི་ཚིག་དེ་གིས་སྟོནམ་ལས། བློ་ཕུག་བྱག་ལུ་གཏད། བྱག་ཕུག་སྟོངམ་ཟེར་དོ་བཟུམ་ལོག་སོ་ནུག།

༢༽གཉིས་པ་བདག་སྒྲའི་ཕྲད་ལུ་དཔྱད་པ་ཅིན། གོང་ལུ་བཀོད་དོ་བཟུམ་སི་ཏུའི་ལུགས་ལས་པུ་ལིངྒ་ཡི་དོན་ཕོ་རྟགས་ཀྱི་ཡི་གུ་པ་དང་པོ་གཉིས་ལུ་གོ་ནི་འདི་གིས། བདག་སྒྲའི་ཕྲད་ལུ་ཡང་པ་དང་པོ་གཉིས་མ་གཏོགས་ཁས་མི་ལེནམ་ཨིན་མས། དངུལ་ཆུ་ཡབ་སྲས་རྗེས་འབྲངས་དང་བཅས་པ་གིས་འབད་བ་ཅིན་པུ་ལིངྒ་ཡི་དོན་དེ་པ་སྡེ་ལུ་གོཝ་ལས་པ་སྡེའི་ཕོ་རྟགས་པ་དང་པོ། མ་ནིིང་གི་རྟགས་བ་དང་བོ། མོ་རྟགས་མ་དང་མོ་གཉིས་སྦེ་བདག་སྒྲའི་ཕྲད་དྲུག་བརྩིཝ་ཨིན་མས།

མ་གཞི་སུམ་ཅུ་པའི་འགྲེལ་བྱེད་མཁན་པོ་ཆ་ཁྱབ་ཀྱིས་སུམ་ཅུ་པ་བཤད་པའི་སྐབས་ཚིག་ཕྲད་དང་ཚིག་ཕྲད་ཀྱི་འཇུག་པ་མང་ཤོས་ཅིག་ལུ་དངོས་བསྟན་དང་ཤུགས་བསྟན་གཉིས་རེ་ཡོདཔ་སྦེ་གསུངས་ཏེ་ཡོད། ཨིན་རུང་བདག་སྒྲའི་སྐབས་ཚེ་བརྟན་ཞབས་དྲུང་[6]མ་གཏོགས་གཞན་ག་གིས་ཡང་ཤུགས་བསྟན་གྱི་ལོ་རྒྱུས་མ་གསུངས་མི་ལུ་བལྟ་བ་ཅིན། བདག་སྒྲ་ལུ་ཤུགས་བསྟན་མི་བཞེད་དོ་ཡོདཔ་ཨིན་མས། གལ་སྲིད་བདག་སྒྲ་ལུ་ཤུགས་བསྟན་མ་བཞེད་པ་ཅིན། བདག་སྒྲའི་ཕྲད་ཡང་པ་དང་པོ་གཉིས་ལས་བརྒལ་གཞན་ཡོད་ཐབས་རྩ་ལས་ར་མིན་འདུག།

ཨིན་རུང་བདག་སྒྲའི་ཕྲད་ལུ་བཞེད་ཚུལ་གཉིས་ཡོད་ས་ལས་ཐུ་མིའི་དགོངས་པ་ངོ་མ་ག་ཨིན་ན་མནོ་བ་ཅིན། སུམ་ཅུ་པའི་གཞུང་གི་བཤད་སྒྲོས་དང་བསྟུན་བདག་སྒྲ་ལུ་ཡང་དངོས་བསྟན་དང་ཤུགས་བསྟན་གཉིས་སྦེ་བརྩི་ཞིན་ན། པ་དང་པོ་གཉིས་དངོས་བསྟན་དང་གཞན་ཚུ་ཤུགས་བསྟན་ཨིནམ་སྦེ་སླབ་པ་ལུ་མ་བཏུབ་མེད་ནི་མས་མནོཝ་མས། དེ་སྦེ་སླབ་པ་ཅིན་པུ་ལིངྒ་ཡི་འགྲེལ་བཤད་སོ་སོ་སྦེ་རྐྱབ་མ་དགོ་པར་དཀའ་ངལ་འཇམ་ཏོང་ཏོ་སྦེ་སེལ་ཚུགས་ནི་མས། ཨིན་རུང་མཁས་པ་ག་གིས་ཡང་དེ་སྦེ་བཞེད་བཞེདཔ་མེད་ལས་ང་གིས་ཡང་དཔྱད་གཞི་ཙམ་མ་གཏོགས་ཐད་རེ་བ་རེ་ཐག་གཅད་དེ་སླབ་ནི་གི་སྤོབས་པ་མིན་འདུག།

༣༽གསུམ་པ་བདག་སྒྲ་འདི་ཕྲད་རང་དབང་ཅན་དང་གཞན་དབང་ཅན་ག་ཅི་ཨིན་ན་དཔྱད་པ་ཅིན། སི་ཏུ་གིས་བདག་སྒྲའི་ཕྲད་ལུ་པ་དང་པོ་གཉིས་ལས་བརྒལ་གཞན་མེད་པའི་ཁར། དེ་གཉིསཔོ་འདི་ཡང་རྗེས་འཇུག་དང་འཁྲིལ་མ་དགོ་པའི་ཕྲད་རང་དབང་ཅན་[7]ཨིནམ་སྦེ་བཞེདཔ་ཨིན་མས། དངུལ་ཆུ་དྷརྨ་བྷ་དྲ་གིས་བདག་སྒྲའི་ཕྲད་ལུ་དྲུག་ཡོདཔ་སྦེ་བཞེདཔ་ཨིན་རུང་ཕྲད་གཞན་དབང་ཅན་ཨིནམ་སྦེ་མི་བཞེད་པས། དེ་ཡང་ག་དེ་སྦེ་ཤེསཔ་སྨོ་ཟེར་བ་ཅིན་སི་ཏུའི་ཞལ་ལུང་ནང་བདག་སྒྲ་འདི་ཕྲད་རང་དབང་ཅན་གྱི་ས་བཅད་[8]ཀྱི་འོག་ལུ་བཤད་ཡོདཔ་མ་ཚད། བདག་སྒྲའི་ཕྲད་དེ་ཚུ་རྗེས་འཇུག་ལུ་ལྟོས་དགོ་པའི་ལོ་རྒྱུས་ཟུར་ཙམ་ཅིག་ར་མ་གསུངས་མི་གིས་ཤེས་ཚུགས་པས།

ཨིན་རུང་ཚེ་བརྟན་ཞབས་དྲུང་གིས་བདག་སྒྲའི་ཐད་ལུ་དངུལ་ཆུའི་རྗེས་སུ་འབྲངས་ནི་ཨིན་ཟེར་གསུངས་བཞིན་དུ་ར་དངུལ་ཆུ་དང་མ་འདྲཝ་སྦེ་བདག་སྒྲ་ཕྲད་གཞན་དབང་ཅན་ཨིནམ་སྦེ་གསུངམ་མ་ཚད། ད་རུང་སི་ཏུའི་ཞལ་ལུང་གི་དགོངས་པ་ལྟར་དེ་སྦེ་ཁས་ལེནམ་ད་ལུ་བདག་སྒྲ་རྗེས་འཇུག་ལུ་མ་ལྟོས་པའི་ཕྲད་རང་དབང་ཅན་ཨིན་ཟེར་གསུངས་མི་གི་ཁས་བླངས་ཡང་རང་བཞིན་གྱིས་ཉམས་འགྱོཝ་ཨིན་[9]ཟེར་སྐད་སིངས་སིངས་སྦེ་གསུངས་མི་འདི་ཚེ་བརྟན་ཁོ་རང་ཐུགས་མཉམ་པར་མ་བཞག་པའི་རྟགས་སྟོན་ནུག།

དེ་སྦེ་འབདན་ལེགས་བཤད་ལྗོན་དབང་ནང་ལུ་བདག་སྒྲའི་ཕྲད་གཞན་དབང་ཅན་ཨིནམ་སྦེ་བཤད་ཡོད་ག?
དེ་སྦེ་འབདན་ལེགས་བཤད་ལྗོན་དབང་ནང་ལུ་བདག་སྒྲའི་ཕྲད་གཞན་དབང་ཅན་ཨིནམ་སྦེ་བཤད་ཡོད་ག་ཟེར་བ་ཅིན། ལེགས་བཤད་ལྗོན་དབང་ནང་ལུ་བདག་སྒྲའི་ཕྲད་དྲུགཔོ་དེ་ཚུ་རྗེས་འཇུག་དང་འཁྲིལ་སྦྱར་དགོཔ་སྦེ་གསུངས་ཡོད་རུང་། དེ་སྦེ་སྦྱར་བ་ཅིན་ལེགས་ཤོམ་འོང་ནི་མས་[10]ཟེར་གསུངས་ཡོདཔ་མ་གཏོགས། ཨིན་ཅི་མིན་ཅི་དེ་སྦེ་སྦྱར་དགོ་ཟེར་གསུངས་གསུངམ་མེད། དབྱངས་ཅན་གྲུབ་རྡོར་གྱི་དངོས་སློབ་དགེ་སློང་དཀའ་ཆེན་པདྨ་གིས་བརྩམས་པའི་ལྗོན་དབང་གི་འགྲེལ་པ་ནང་ལུ་ཡང་། ཕལ་ཆེར་[11]ཟེར་བའི་སྒྲ་སྦྱར་ཏེ་མང་ཆེ་བ་ལུ་དེ་སྦེ་སྦྱར་བ་ཅིན་ལེགས་ཤོམ་འོང་ནི་མས་ཟེར་གསལ་རི་རི་སྦེ་གསུངས་བཞག་ནུག། དེ་འབདཝ་ལས་ལེགས་བཤད་ལྗོན་དབང་རྩ་འགྲེལ་ག་ཅི་ནང་ལུ་ཡང་བདག་སྒྲ་ཕྲད་གཞན་དབང་ཅན་ཨིནམ་སྦེ་སྟོན་སྟོནམ་མེདཔ་ཨིནམ་གསེར་སྦྱངམ་དང་འདྲ་བའི་མིག་ཏོ་གཉིས་མེ་ཏོག་གི་ལྡུམ་ར་དང་འདྲ་བའི་ལེགས་བཤད་ལྗོན་དབང་གི་རྩ་འགྲེལ་གཉིས་ནང་ལུ་བལྟ་སྐོར་ཚར་གཅིག་གཏང་པ་ཅིན་ཤེས་ཚུགས་ནི་མས།

དེ་མ་ཚད་གོང་ལུ་བཤད་དོ་བཟུམ་སྦེ།  ལེགས་བཤད་ལྗོན་དབང་གི་རྩོམ་པ་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་འདི་དངུལ་ཆུ་དྷརྨ་བྷ་དྲ་ཨིནམ་ལས།  བླ་མ་གིས་ཕྲད་རང་དབང་ཅན་ཨིནམ་སྦེ་གསུངས་མི་ལུ།  སློབ་མ་གིས་ཕྲད་གཞན་དབང་ཅན་ཨིནམ་སྦེ་གསུངས་པ་ཅིན་བླམ་དང་སློབ་མ་གཉིས་དགོངས་པ་མ་པ་ལས་ར་ཕྱི་འགྱུར་འགྱོ་ནི་ཨིན་མི་འདི་ཆང་གིས་ར་བཟི་ཡོདན་མ་ཤེས་དེ་མིན་མནོ་བསམ་རྒྱ་སྦོམ་སྦེ་ག་ནི་ཡང་གཏང་མ་དགོ་པར་ཧ་གོ་ཚུགས་དགོཔ་ཅིག་ཨིན་མས།  དེ་བཟུམ་སྦེ་ད་རུང་དབྱངས་ཅན་གྲུབ་པའི་རྡོ་རྗེ་གིས་བརྩམས་པའི་ལེགས་བཤད་ལྗོན་དབང་ནང་བཤད་རིགས་བཤད་ཚད།  དངུལ་ཆུ་དྷརྨ་བྷ་དྲའི་བཞེད་གཞུང་སི་ཏུའི་ཞལ་ལུང་ལུ་གཞི་བཞག་སྟེ་བཤད་བཤདཔ་ཨིན་པ་ཅིན། ཁུངས་གཏུགས་སའི་གཞུང་དང་དེ་ལུ་ཁུངས་གཏུགས་ཏེ་བརྩམས་པའི་གཞུང་གཉིས་ཀྱི་བར་ན་དགོངས་པ་མ་འདྲཝ་མི་ཐོན་ནི་ཨིནམ་ཡང་བློ་གྲོས་དང་ལྡན་མི་ཅིག་ཨིན་པ་ཅིན་ཤེས་ཚུགས།

དོན་བསྡུ་བ།
ད་དེ་སྦེ་འབདན་སི་ཏུ་རྐྱངམ་ཅིག་གིས་མ་གཏོགས་གཞན་ཆ་ཁྱབ་ཀྱིས་ཐུ་མིའི་དགོངས་པ་ཧ་གོཝ་ཨིན་ན་མནོ་བ་ཅིན། སུམ་ཅུ་པའི་འགྲེལ་བྱེད་མཁན་པོ་ག་ར་གིས་ཐུ་མིའི་དགོངས་པ་ལོན་ས་ཅིག་རུང་། སི་ཏུ་གིས་སུམ་ཅུ་པའི་དངོས་བསྟན་གཙོ་བོར་བཏོན་ཏེ་བཤད་ནི་དང་། གཞན་གྱིས་ཁ་སྐད་ཀྱི་འཇུག་པ་ལུ་གཙོ་བོར་བཏོན་ཏེ་བཤད་པའི་ཁྱད་པར་གྱིས་སྦེ་དགོངས་པ་མ་འདྲཝ་ཐོན་སོངཔ་ཨིན་མས། དེ་འབདཝ་ལས་སི་ཏུ་གིས་བ་བོ་དང་མ་མོ་ཚུ་བདག་སྒྲའི་ཕྲད་སྦེ་ཞལ་གྱིས་མ་བཞེས་མི་འདི་ཡང་སུམ་ཅུ་པའི་དངོས་བསྟན་གྱི་དགོངས་དོན་ཨིནམ་སྦེ་ཞལ་གྱིས་མ་བཞེསཔ་མ་གཏོགས། མ་པ་ལས་བདག་སྒྲ་ལུ་འཇུག་པ་མེད་ཟེར་གསུངས་གསུངམ་མེན་པས།

དེ་སྦེ་ཨིནམ་ག་དེ་སྦེ་ཤེསཔ་ཟེར་བ་ཅིན། ཇ་མ་དང་ཆང་མ་ཟེར་བའི་མ་ཡིག་གིས་བདག་པོའི་དོན་སྟོན་ས་ཅིག་རུང་པུ་ལིངྒའི་སྒྲ་མེན་པར་སྟྲི་ལིངྒའི་སྒྲ་འབད་ནི་འདི་གིས་བདག་སྒྲ་ལུ་མི་འཇུག་[12]ཟེར་གསུངས་མི་གིས་ཧ་གོ་ཚུགས་པས། དེ་སྦེ་འབདན་སི་ཏུ་གིས་བདག་སྒྲའི་ཕྲད་པ་པོ་གཉིས་རྐྱངམ་ཅིག་མེན་པར་གཞན་ཡང་ཞལ་གྱིས་བཞེསཔ་ཨིན་ན་ཟེར་བ་ཅིན། སུམ་ཅུ་པའི་དངོས་བསྟན་དང་འཁྲིལཝ་ད་པ་པོ་གཉིས་རྐྱངམ་ཅིག་ལས་བརྒལ་ཞལ་གྱིས་མ་བཞེས་ས་ཅིག་རུང་། སྤྱི་སྒྲའི་སྐབས་[13]ལུ་གསུངས་དོ་བཟུམ་འཇིག་རྟེན་གྱི་ཉེར་སྤྱོད་དང་འཁྲིལ་ཏེ་སྐབས་ཐོབ་དང་བསྟུན་བདག་སྒྲའི་ཕྲད་བ་བོ་དང་མ་མོ་ཡང་ཞལ་གྱིས་བཞེསཔ་ཨིན་སླབ་པ་ལུ་ཐེ་ཚོམ་ཟ་དགོཔ་མིན་འདུག།

འ་ནེ་སྦེ་འབདཝ་ད་ལེགས་བཤད་ལྗོན་དབང་དང་སུམ་ཅུ་པ་གཉིས་དགོངས་པ་འགལ་བ་མེདཔ་མ་ཚད། སི་ཏུ་དང་དངུལ་ཆུ་གཉིས་ཡང་དགོངས་པ་གཅིག་དང་དབྱངས་གཅིག་ཨིནམ་འགྲུབ་ཚུགས། པུ་ལིངྒ་ཡི་སྒྲ་དོན་འགྲེལ་བཤད་ཀྱི་ཐད་ལུ་ཡང་སི་ཏུ་གིས་སུམ་ཅུ་པ་ཁོ་རའི་དངོས་བསྟན་ལུ་གཞི་བཞག་ཡོདཔ་ད། དངུལ་ཆུ་གིས་ལེགས་སྦྱར་གྱི་སྒྲ་གཞུང་ལུ་གཞི་བཅོལ་མི་ལུ་བརྟེན་ཏེ་ཁྱད་པར་བྱུང་ནུག། དངུལ་ཆུ་གིས་པུ་ལིངྒའི་འགྲེལ་བཤད་སི་ཏུ་དང་མ་འདྲཝ་སྦེ་རྐྱབ་ཡོད་རུང་། མཁས་པས་བཤད་ན་ཅི་ཡང་བདེན་ཟེར་གསུངས་དོ་བཟུམ་ཅིག་ཨིན་མས།

ཨིན་རུང་ཚེ་བརྟན་ཞབས་དྲུང་གིས་སི་ཏུ་དང་དངུལ་ཆུ་གཉིས་དགོངས་པ་སོ་སོ་ཨིནམ་སྦེ་བཟུང་ཞིན་ན་ཁོ་ར་དངུལ་ཆུའི་ཕྱོགས་བཟུང་རྫུན་བཏབ་ས་ཅིག་རུང་། ཁོ་གི་གཞུང་ནང་ལུ་དངུལ་ཆུའི་དགོངས་པ་དང་མ་མཐུན་པའི་འདོད་པ་ལེ་ཤ་ཅིག་ར་མཐོངམ་ལས། ཁོ་གི་དགོངས་པའི་ཞེ་ཕུགས་ག་ཅི་ཨིན་ན་ད་ལྟོ་ཡང་ང་གིས་ཧ་གོ་མ་ཚུགས། དེ་འབད་ནི་འདི་གིས་ཁོ་གི་དགོངས་པ་དང་མཁས་པ་གཞན་གྱི་དགོངས་པ་གཉིས་འགལ་མེད་འགྲུབ་མ་ཚུགསཔ་ལས་བརྟེན། གནས་སྐབས་ཅིག་ཐབས་ར་མེད་པར་ཤད་བཞི་རྐྱབ་བཞག་དགོཔ་བྱུང་ཡི༎ ༎

[1] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཤོག་གྲངས་༡༣༩ ལས་མར་གཟིགས།

[2] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༧ ལོ་ལུ་སྤར་སྐྲུན་འབད་བའི་སུམ་ཅུ་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཤོག་གྲངས་༡༩ ལས་མར་གཟིགས།

[3] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༦ གི་རྒྱབ་ལུ་གཟིགས།

[4] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སུམ་རྟགས་ཀྱི་རྣམ་བཤད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་དུ་འབོད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ཤོག་གྲངས་༦༣ ལས་མར་གཟིགས།

[5] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༧ ལུ་གཟིགས།

[6] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༦ གི་རྒྱབ་ལུ་གཟིགས།

[7] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཤོག་གྲངས་༡༤༢ ལུ་གཟིགས།

[8] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༧ ལོ་ལུ་སྤར་སྐྲུན་འབད་བའི་སུམ་ཅུ་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཤོག་གྲངས་༡༦ ལུ་གཟིགས།

[9] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༧ ལུ་གཟིགས།

[10] ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་མཐར། །བདག་སྒྲ་ཡར་འགྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །

[11] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སུམ་ཅུ་པའི་སྙིང་པོའི་དོན་གསལ་ཤོག་གྲངས་༨༤ ལུ་གཟིགས།

[12] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སི་ཏུའི་འགྲེལ་ཆེན་ཤོག་གྲངས་༡༤༣ ལས་མར་གཟིགས།

[13] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སི་ཏུའི་འགྲེལ་ཆེན་ཤོག་གྲངས་༡༣༩ ལུ་གཟིགས།

བུ་རིག་པ་ཅན་གྱི་སྲུང་གི་བསྡུས་དོན།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་འབད་བའི་ ”རྫོང་ཁའི་ཁ་རྒྱུན་སྲུང་དེབ་དང་པ་” ནང་བཀོད་དེ་ཡོད་པའི་བུ་རིག་པ་ཅན་ཟེར་བའི་སྲུང་འདི་ དྭཝ་བུཚ་ཅིག་གིས་ ཁོ་རའི་རིག་པ་ལུ་བརྟེན་ཏེ་ བློན་པོ་ཐོབ་ཡོད་པའི་སྐོར་ལས་ཨིན་མས། དེ་ཡང་ཨཔ་ཅིག་དང་ཨམ་ཅིག་ ཨ་ལོ་མེད་པར་ཚ་གྱང་ལང་སྡོད་པའི་སྐབས་ལུ་ ཨམ་གྱིས་ ལམ་ཁ་ལས་དྭཝ་བུཚ་དེ་ཐོབ་མས། དེ་ལས་ནམ་གཅིག་འབདཝ་ད་ ལུང་པ་དེ་ཁའི་རྒྱལཔོ་ཅིག་ཡོད་མི་དེ་གིས་ ཨཔ་དང་ཨམ་གཉིས་ཀྱི་སམ་ས་གཞི་ཚུ་འཕྱོག་ནི་གི་དཔའ་བཅམ་སྟེ་ ཨཔ་ལུ་ལན་རྐྱབ་མ་ཚུགས་པའི་དྲི་བ་ལེ་ཤ་ཅིག་ར་བཀོདཔ་མས། དེ་བསྒང་དྭཝ་བུཚ་དེ་གིས་ཨ་པའི་རྒྱབ་ལས་ཐོན་ཏེ་རྒྱལ་པོ་ཁོ་ར་གིས་བཀོད་པའི་དྲི་བ་དང་ཅོག་ཐད་པའི་དྲི་བ་ཚུ་ཞུ་སྟེ་རྒྱལ་པོ་ཞལ་གསུང་ནི་མེདཔ་བཟོཝ་མས། དེ་གིས་འབད་མཐའ་མཇུག་ལུ་རྒྱལ་པོ་གིས་དྭཝ་བུཚ་དེ་བློན་པོ་སྦེ་བསྐོ་བཞག་གནང་མས།