Category Archives: ལོ་རྒྱུས།

འབྲུག་གི་རྒྱལ་ས་ལྟེ་བའི་མིང་གི་འབྱུང་རབས།[1]

འབྲུག་གི་རྒྱལ་ས་ལྟེ་བའི་མིང་ལུ་ ཐིམ་ཕུ་ཟེར་ཡོངས་གྲགས་སོང་ཡོདཔ་ཨིན་རུང་ མིང་ངོ་མ་འདི་ མཐིང་ཡུལ་ཕུ་ཟེར་ ཨིན་མས། ཐིམ་ཕུ་ཟེར་མི་འདི་ ད་རེས་ནངས་པར་ ཡིག་ཐོག་ལུ་བརྟེན་ཏེ་ དར་ཁྱབ་སོང་སོངམ་མ་གཏོགས་ ཧེ་མ་ མང་ཤོས་ཅིག་གིས་ར་ མཐིང་ཕུ་ཟེར་ རྗེས་འཇུག་ང་གི་སྒྲ་བཏོན་ཏེ་ སླབ་ཨིན། ཡི་གུ་ལྷག་མ་ཤེས་མི་དང་ ཡི་གུ་ལྷག་ཤེས་མི་ཚུ་གི་གྲལ་ལས་ཡང་ ལ་ལུ་ཅིག་གིས་ ད་རེས་ནངས་པར་ཡང་ མཐིང་ཕུ་ཟེར་ར་ སླབ་ནི་འདུག། ཚངས་ལ་ཁ་རྐྱབ་མི་ལ་ལུ་ཅིག་གིས་ རྒྱལ་ས་ལྟེ་བ་ལུ་ མཐིང་ཕུ་ཟེར་སླབ་དགོ་མི་དེ་ རྒྱལ་ས་ལུ་སྡོད་མི་ཆ་ཁྱབ་ ལོངས་སྡོད་ནི་འདི་གིས་ ཨིན་མས་ཟེར་ དགོད་བྲོ་བསྒྱུར་མི་ཡང་ ཐོན་ཏེ་ཡོད། དེ་ལས་ ཡིད་ཆེས་དང་ཆ་བཞག་ཚུགས་པའི་དཔེ་ཆ་ དག་ཆ་ཕུད་རྡོག་གཅིག་ར་འཛོལ་བ་མེད་པར་ བྲིས་ཏེ་ཡོད་པའི་ སྤྱི་ཞིང་དགོན་པའི་བཀའ་འགྱུར་གྱི་དཀར་ཆག་ ཁག་གསུམ་དེ་ཅིག་ནང་ལས་ར་ མཐིང་ཡུལ་ཟེར་ཐོན་མས། མཐིང་ཡུལ་ཟེར་མི་འདི་ཡང་ ཡུལ་ལུང་དེ་ནང་ མཐིང་ངེ་ལེ་ཤ་སྐྱེས་ནི་འདི་གིས་ དེ་སྦེ་བཏགས་བཏགསཔ་ཨིན་མས། ཐིམ་ཕུ་གི་མཇུག་ལུ་ ཆུ་འཛོམས་ལས་ སྤ་རོ་ཟླ་བ་ཁར་འགྱོ་སའི་ལམ་ཁར་ མཐིང་ངེ་ལེ་ཤ་སྐྱེས་ཏེ་ཡོད་པའི་ སྤང་ཅིག་ཡོད་མི་དེ་ལུ་ ད་ལྟོའི་བར་ན་ཡང་ མཐིང་ངེ་སྤང་ཟེར་སླབ་ཨིན། མ་གཞི་ ཐིམ་ཕུའི་མིང་གི་འབྱུང་རབས་ ཀུན་དགའ་སེངྒེའི་སྐབས་ བདེ་ཆེན་ཕུ་ལུ་ དགེ་བསྙེན་ཇག་པ་མེ་ལེན་ རྡོ་ཅིག་གུ་ཐིམ་སོང་པའི་ལོ་རྒྱུས་དང་འབྲེལ་ཏེ་བཤད་སྲོལ་ཡོད་རུང་ ཐིམ་ཕུ་ཟེར་བའི་མིང་དེ་ དེ་གི་ཧེ་མ་ལས་ར་ སླབ་སྲོལ་སྡོད་ནུག། དེ་ཚུ་ལུ་བརྟེན་ཏེ་བལྟཝ་ད་ ཐིམ་ཕུ་ཟེར་མི་འདི་ མཐིང་ངེ་ཕུ་འམ་ མཐིང་ཡུལ་ཕུ་ཟེར་བའི་ཚིག་ ཚུར་བསྡུ་སྟེ་ མཐིང་ཕུ་ཟེར་སླབ་མི་དེ་ སྒྲ་ཉམས་འགྱོ་འགྱོཝ་ཨིནམ་ ཐག་ཆོད་པས།

[1] འབྲི་རྩོམ་འདི་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ སྐད་ཡིག་དང་རྩོམ་རིག་ལོ་ངོ་གཉིས་པའི་སློབ་ཕྲུག་ཚུ་ལུ་ འབྲི་རྩོམ་དོན་མཚམས་གཅིག་མ་ བྲི་ཐང་སློབ་སྟོན་འབད་བའི་སྐབས་ལུ་ ལེགས་བཤད་པའི་མིང་འཛིན་པ་ རྡོ་རྗེ་རྒྱལ་མཚན་གྱིས་ དཔེ་ཚད་སྦེ་ བྲིས་བྲིཝ་ཨིན།

Advertisements

སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་ལོ་རྒྱུས།

དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་འདི་ གཏེར་སྟོན་པདྨ་གླིང་པའི་ཞལ་སློབ་ རྟོགས་པ་རང་དང་མཉམ་པ་ འདུལ་འཛིན་དམ་པ་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་གྱི་སྐུ་སྐྱེས་ པདྨ་གླིང་པའི་གདུང་འཛིན་ཐུགས་སྲས་ཟླ་བ་རྒྱལ་མཚན་གྱི་སྲས་སྦེ་འཁྲུངས་མི་ སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པ་རྒྱལ་སྲས་པདྨ་ཕྲིན་ལས་མཆོག་གིས་ སྔོན་བྱོན་རྒྱལ་བ་གོང་མའི་ལུང་བསྟན་དང་འཁྲིལ་ཏེ་ ཕྱག་བཏབ་གནང་གནངམ་ཨིན་མས།  དེ་ཡང་ གཏེར་སྟོན་གྱི་རྒྱལ་པོ་རིག་འཛིན་པདྨ་གླིང་པ་མཆོག་ ཕོབ་སྦྱིས་ཁ་ལུ་བྱོན་པའི་དུས་སྐབས་ཅིག་ལུ་ གཡུས་གསར་ལས་ཞལ་ཡར་བསྒོར་ཞིན་ན་ ད་ལྟོ་ལྷ་ཁང་ཡོད་ས་ཁ་ཐུག་ཕྱག་མཛུབས་དཔགས་སྦེ་ ”མ་འོངས་པ་ནང་ཨ་ཡི་སྒང་ཏོག་གུ་ལས་ ངེའི་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་འོང་” ཟེར་ལུང་བསྟན་གནང་ཡོདཔ་ཨིན་མས། དེ་བཟུམ་སྦེ་ པདྨ་གླིང་པའི་སྤྲུལ་སྐུ་ གསུང་སྤྲུལ་རྒྱལ་དབང་བསྟན་འཛིན་གྲགས་པ་མཆོག་གིས་ཡང་ ས་གནས་དེ་ཁར་མཚམས་ཁང་ཆུང་ཀུ་ཅིག་རྐྱབ་སྟེ་སྐུ་མཚམས་གནང་བཞུགས་པའི་ཤུལ་ལུ་ མཚམས་ཁང་དེ་རྒྱལ་སྲས་སྤྲུལ་སྐུ་ལུ་རྩིས་སྤྲོད་གནངམ་དང་གཅིག་ཁར་ ”ཁྱོད་ཀྱིས་ས་གནས་འདི་ཁར་གདན་ས་བཅགས་ཏེ་ པདྨ་གླིང་པའི་རྣམ་ཐར་གསོལ་འདེབས་ཁ་ཐུན་སྦེ་གཏང་མི་ཡོདཔ་ཅིག་བཟོ་སྨ་རེད། ཤུལ་ལས་ས་གནས་དེ་ཁ་ལས་ པད་གླིང་གི་བསྟན་པ་དར་ཞིང་རྒྱས་ནི་གི་རྟེན་འབྲེལ་ཡོད་” ཟེར་བའི་ལུང་བསྟན་གསུངས་ནུག། ལུང་བསྟན་དེ་ལུ་བརྟེན་ཏེ་གིས་སྦེ་ གདུང་འཛིན་སྤྲུལ་སྐུ་རྒྱལ་སྲས་པདྨ་ཕྲིན་ལས་མཆོག་གིས་ ཧེ་མ་ར་སྤྱི་ལོ་ ༡༥༩༥ ལུ་ ད་ལྟོ་ལྷ་ཁང་ཡོད་སའི་ས་ཁོངས་ནང་ བོད་ལུགས་ཀྱི་བཟོ་བཀོད་ཐོག་ལས་ ལྷ་ཁང་ཆུང་ཀུ་ཅིག་བཞེངས་གནང་ནུག  དེ་ལས་སྤྱི་ལོ་ ༡༦༡༣ རབ་བྱུང་ ༡༠ པའི་གནམ་ལོ་ཆུ་མོ་གླང་ལོ་ལུ་ ལྷ་ཁང་དེ་རྩ་བ་ལས་ར་བཤུགས་ཏེ་ རྒྱལ་སྲས་རིན་པོ་ཆེ་དང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་རྣམ་གཉིས་ཀྱིས་ ལོག་སྟེ་ར་ས་བསླངས་དང་རྨང་བཏིང་གི་རྟེན་འབྲེལ་མཛད་ཐོག་ལས་ གཙུག་ལག་ཁང་ཐོག་གསུམ་འབད་མི་ཅིག་བཞེངས་ཏེ་ མཚན་ཡང་སྒང་སྟེང་གསང་སྔགས་ཆོས་གླིང་ཟེར་བཏགས་གནང་ནུག  འདི་གི་སྐབས་ལུ་ ཤིང་བཟོ་དང་སྐུ་རྟེན་བཞེངས་ནི་གི་ཕྱག་ལས་གནང་མི་ཡང་ གནས་རྙིང་རྗེ་བཙུན་དང་ལྕགས་ཟམ་པ་ལ་སོགས་པ་ སྐྱེས་ཆེན་དམ་པ་ཚུ་གིས་མཛད་གནང་ཡོདཔ་ཨིན་མས། ཨིན་རུང་ ལྷ་ཁང་དེ་ ནར་ནར་སྦེ་ཡོད་ནི་དེ་གིས་ སྤྱི་ལོ་༡༧༠༣ ལུ་ རྒྱལ་སྲས་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་རིན་པོ་ཆེ་མཆོག་གིས་ གཙུག་ལག་ཁང་གི་གཡས་གཡོན་གྱི་གློ་འབུར་གཉིས་དང་ ཀ་སྤུངས་གསར་བཞེངས་གནང་སྟེ་ ཧེ་མ་འདུ་ཁང་ཀ་ཆེན་བཅུ་བཞི་གི་རྒྱ་ཚད་་ཨིན་མི་ལས་ ཀ་ཆེན་བཅོ་བརྒྱད་ལུ་རྒྱ་བསྐྱེད་མཛད་དེ་ གྲུ་བཞི་ཏག་ཏ་སྦེ་བཞེངས་གནང་ནུག  དེ་གི་ཤུལ་ལས་ ད་རེས་ཚུན་ཚོད་ཀྱི་བར་ན་ ཉམས་གསོ་ལན་ཐེངས་༣  ཞུ་ཡོདཔ་ད་ དེ་ཡང་དང་པ་ར་སྤྱི་ལོ་༡༧༢༡ ལུ་ བསྟན་འཛིན་རིན་པོ་ཆེ་ལེགས་པའི་དོན་གྲུབ་ཀྱི་སྐུ་ཐོག་ལུ་ར་ ས་གཡོམ་གྱི་རྐྱེན་ངན་བྱུང་སྟེ་ཉམས་གསོ་ཞུ་དགོཔ་བྱུང་ནུག དེ་གི་ཤུལ་ལས་ སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉིན་བྱེད་ཀྱི་སྐབས་ལུ་ཡང་ཚར་གཅིག་ ས་གཡོམ་གྱི་རྐྱེན་ངན་གྱིས་སྦེ་ཉམས་གསོ་ཞུ་དགོཔ་བྱུང་ནུག  དེ་ལས་ ད་ལྟོ་ཁྲི་ཐོག་བཞུགས་མི་སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ ཀུན་བཟང་རིག་འཛིན་པདྨ་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་གིས་ སྤྱི་ལོ་༢༠༠༠ ལས་ཉམས་གསོ་ཞུ་ནི་འགོ་བཙུགས་ཏེ་ ༢༠༠༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་རྒྱལ་རབས་ལྔ་པའི་གསེར་ཁྲིར་མངའ་གསོལ་ཞུ་བའི་དུས་སྟོན་དང་བསྟུན་ རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་ བཀྲ་ཤིས་རབ་གནས་ཀྱི་དགའ་སྟོན་རྟེན་འབྲེལ་ མཛད་གནང་ཡོདཔ་ཨིན།

བཀྲ་ཤིས་སྒང་རྫོང་ཉམས་གསོ་ཞུ་བའི་ལོ་རྒྱུས།

ད་ནི་དཔལ་ལྡན་འབྲུག་པའི་གདན་ས་ཤར་རྫོང་བཀྲ་ཤིས་སྒང་གི་གནྡྷོ་ལ་ཧ་ཅང་གིས་བརྙིངས་ཤིང་གོག་ཧྲུལ་དུ་གྱུར་པ་ལ་ཉམས་གསོ་གསར་བཞེངས་བྱས་པའི་སྐོར་བཤད་པར་བྱ་སྟེ།  དེ་ཡང་སྔོན་ནས་སྔོན་དུས་སུ་[117a]བཞེངས་པའི་རྫོང་ཡིན་པའི་ཁར།  ཚ་དྲོད་ཤིན་ཏུ་ནས་ཆེ་བའི་ས་གནས་ཡིན་པ་ལ་བརྟེན།  ཤིང་ཆ་ཕལ་ཆེར་འབུས་ཟོས་པ་དང་།  དུས་ཟིང་སྔ་ཕྱི་ཅི་རིགས་ལ་མེས་སྐྱོན་བྱུང་བ་སོགས།  རྒྱུ་རྐྱེན་རྣམ་པ་སྣ་ཚོགས་ཀྱིས།  རྫོང་ཆེན་ད་ལྟ་ཉིད་དུ་ཞིག་ལ་ཁད།  རྡིབ་ལ་ཁད་ལྟ་བུར་གྱུར་པ་ལ།  རྫོང་དཔོན་དྲག་ཤོས་ཕྲིན་ལས་སྟོབས་རྒྱས་ཏེ་ཡོངས་གྲགས་སུ་དྲག་ཤོས་ཟློ་པ་ལ་ཞེས་བྱ་བའི་སྐབས་སུ།  མི་རྗེ་མངའ་བདག་རྒྱལ་རབས་གཉིས་པ་གོང་ས་འཇིགས་མེད་དབང་ཕྱུག་གི་གསེར་སྙན་དུ།  རྫོང་ཆེན་ཉམས་ཆག་ཤོར་འདུག་ཅེས་པའི་ལོ་རྒྱུས་ཞིབ་ཆ་ཞུ་བའི་ཚེ།  ཆོས་རྗེ་འབྲུག་པའི་གདན་ས་ཉམས་ཆག་ཤོར་དུ་མི་རུང་།  རྫོང་འོག་གི་མི་སེར་སྨོས་མི་དགོས།  བཀག་པ་བསུ་མ་སོགས་མདོར་ན་བཀྲ་ཤིས་སྒང་ཆ་འདུས་ཀྱི་མི་སེར།  དུ་བ་གནམ་དུ་གཏོང་རིགས་འུ་ལག་ལ་བསྐུལ་ནས།   སྔར་ལས་མི་དམན་པ་བཞེངས་ཤིག་ཅེས་པའི་བཀའ་རྒྱ་ལྕི་བ་གནང་བ་ལ་བརྟེན།  རབ་བྱུང་བཅུ་དྲུག་པའི་གནམ་ལོ་མེ་ཕོ་བྱི་བ་དང་།  སྤྱི་ལོ་ ༡༩༣༦ ལ་རྫོང་འོག་མི་སེར་གྱི་འགོ་དཔོན་ཡུལ་སྲུང་པ་དང་།  བཀག་པ་བསུ་མའི་འགོ་བདག་དྲག་ཤོས་དྲུང་པ་རྣམས་།  རང་རང་སོ་སོའི་སྦྱིན་བདག་མི་སེར་ལས་ཡིན་པའི་འུ་ལག་པ་བདག་འཛིན་འཐབ་སྟེ།  སྔོན་གྱི་རྫོང་རྙིང་རྨང་ནས་བཤིག་ [བཤིགས་] ཅིང་བཟོ་དབྱིབས་མཛེས་ལ་བརྟན་པའི་རྨང་རྡོ་བརྩིགས་པ་ནས་ཐོག་ཕུབ་ཀྱི་བར།  ལོ་ངོ་གཉིས་ཀྱི་ཡུན་ལ་ལེགས་པར་བཞེངས་བསྒྲུབས།

དེ་བཞིན་བཞེངས་པའི་ཚེ།  ས་བརྐོ་རྡོ་སློག་བྱས་པས་རྐྱེན་ངན་བར་ཆད་[117b]མི་འབྱུང་བའི་ཐབས་སུ།  བླ་སློབ་མཁས་གྲུབ་ཚད་ལྡན་རྣམས་ཀྱི་ཐུགས་བརྟགས་ལ་བབ་པའི་རིམ་གྲོ་སྣ་ཚོགས་དང་།  མཁས་དབང་དགེ་བའི་བཤེས་གཉེན་ཞུས་བགྲེས་བསྟན་པ་རིན་ཆེན་མཆོག་ནས་གསུངས་བཞིན།  རྒྱལ་བའི་བཀའ་འགྱུར་ཆེན་མོ་དག་ཐོན་དང་སྒྲོལ་མ་འབུམ་དང་བསམ་ལྷུན་འབུམ་ཕྲག་བསགས་པ་སོགས་གང་ཡང་རབ་སྡེ་ནས་མཛད་པ་མ་ཟད།  གྲུབ་དབང་ཤཱཀྱ་ཤྲིའི་ཞལ་སློབ་མཁས་གྲུབ་གཉིས་ལྡན་སློབ་དཔོན་ཆེན་པོ་སྨོན་ལམ་རབ་བཟང་ངམ་མཚན་གཞན།  སློབ་དཔོན་འོ་བསུ་ཞེས་ཞུ་བ་དེས།  རྫོང་ཆེན་རྨང་ནས་བཤིག་སྟེ་སླར་བཞེངས་པའི་བྱ་བ་ལ།  ཐུགས་ཁུར་ཆེར་བཞེས་ཀྱིས་རྐྱེན་དང་བར་ཆད་ཀྱི་དབང་དུ་མི་ལྷུང་བའི་སྲུང་སྐྱོབ་མཛད་པ་ལ།  གསུང་ཆོག་གནང་དགོས་རིགས་སོགས་ཕྱག་ཕྱི་ཞུ་འོས་རིམ་པ་རྣམས་ཀྱང་རབ་སྡེ་ནས་མཛད།

གྲུབ་དབང་ཤཱཀྱ་ཤྲིའི་ཞལ་སློབ།  བླ་མ་བསོད་ནམས་བཟང་པོ་དང་།  མཁས་མཆོག་བླ་མ་ཀོ་ཏ་ཞེས་བྱ་བས་མགོན་ཁང་ཆེན་མོའི་སྐུ་འབག་གི་རིགས་དང་།  རྟེན་གཏོར་རྟེན་མདོས་སོགས་སྔོན་གྱི་རྣམས།  འབུས་ཟོས།  ཉམས་ཆག་ཤོར་བའི་ཉམས་གསོ་ཡང་།  སྔོན་གྱི་དེ་ལས་གྲ་རྒྱས་པར་བསྐྲུན་པའི་ལས་རོགས་ཀྱང་།  རབ་སྡེ་ལས་གཙང་རྒན་རིགས་རྣམས་ནས་ཕྱག་ཕྱི་ཞུས་པ་ཡིན་ཞེས་བླ་མ་གནས་བརྟན་བསོད་ནམས་ལགས་དང་།  དབུ་མཛད་མེར་ཀོང་སོགས་ཀྱི་ཞལ་སྒོ་ལས་ཐོས་སོ།།

སྨན་འཇིམ་ལས་གྲུབ་པའི་སྐུ་རྟེན་ཆེ་བ་འགའ་ཞིག་[118a]ཕྱི་ནང་གདན་ཞུའི་སྐབས།  ཉམས་ཆག་ཕྲན་བུ་རེ་ཤོར་སོང་བ་དང་།  སྐུ་རྟེན་གསར་བཞེངས་དགོས་པ་སོགས་ལ་བརྟེན།  སྤ་གྲོ་གནས་ཕུ་དགོན་པའི་འཇིམ་བཟོ་པ་ལས་འཇིམ་ལས་མཁས་པ་འགའ་ཞིག  མི་རྗེ་རིན་སྤུངས་སྤྱི་བླས་གཏོང་གནང་མཛད་པས།  ཉམས་གསོ་དང་གསར་བཞེངས་གང་ཡང་རིམ་གྱིས་བསྒྲུབས།

ལྡེབས་རིས་ཀྱི་རིམ་པ་ཡང་བྲིས་སྐུའི་ཆ་ཚད་ཐིག་རྩ་དང་ལྡན་ལ་རྣམ་འགྱུར་ལེགས་པ་མ་ཟད།  རྩ་བའི་ཚོན་དང་ཡན་ལག་གི་ཚོན་སོགས།  སྦྱོར་སྟངས་མཁས་པས་སྣུམ་བརྗིད་བཀྲག་གསུམ་འཛོམས་པ་དང་།  བྱུག་པའི་བྱ་བ་ལ་མཁས་པས་།  མདངས་འཇམ་བཅད་ཁ་གསལ་བ་སོགས་རི་མོའི་ལས་ལ་མཁས་པའི་ཕུལ་དུ་ཕྱིན་པ་བླ་མ་ཀོ་ཏ་དང་སློབ་དཔོན་ཤཱཀྱ་རྡོ་རྗེ།  སློབ་དཔོན་ཀུན་བཟང་།  སློབ་དཔོན་ཐུབ་བསྟན།  མེ་རག་ཡུལ་དུ་གནས་བཅས་པའི་ཁམས་པ་གསོལ་དཔོན་ལགས་སོགས་ཀྱིས་གཙོས།  ལྷ་བྲིས་པ་བཅུ་ཕྲག་གསུམ་ཙམ་གྱིས་ཟླ་ངོ་བཞི་ཙམ་གྱི་ཡུན་ལ་ལེགས་པར་བསྒྲུབས་པ་ཡིན་འདུག  དེ་ལས་རབ་གནས་ཀྱི་སྐབས་སུ་བབ་པ་ན།  རབ་བྱུང་བཅུ་དྲུག་པའི་གནམ་ལོ་མེ་གླང་གི་ལོར།  ཨོ་རྒྱན་དུས་གསུམ་མཁྱེན་པའི་རྒྱལ་ཚབ་གཏེར་སྟོན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་ཡེ་ཤེས་ཌཱཀྐིའི་ལུང་གིས་བསྐུལ་ནས་འབྲུག་སྤ་གྲོར་བྱོན།  ཁྲུམས་སྟོད་[118b]ཀྱིས་ཉ་བར་སྟག་ཚང་སེང་ཕུག་ཏུ་སྐུ་གོང་མའི་ཟབ་གཏེར་ཕུར་པ་གནམ་ལྕགས་སྤུ་གྲིའི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་གནང་བ་སོགས་མཛད་གྲུབ་པའི་རྗེས།  གནམ་ལོ་ས་ཕོ་སྟག་ལོ་ཤར་བ་དང་།  རྒྱ་གར་འཕགས་ཡུལ་ཤར།  རྩྭ་མཆོག་གྲོང་སོགས་གནས་རྣམས་གཟིགས་བསྐོར་མཛད་དེ།  སླར་ལྷ་གདན་དུ་ཕེབས་ལམ་མོན་མཚོ་སྣའི་ཕྱོགས་ནས་ཕེབས་བཞེད་དང་།  ལྷག་པར་དུ་ཡོན་ཕུ་ལའི་རྒྱབ་ཁེངས་མཐོང་མ་ཎི་དང་སྦོལ་འཕེལ་ཡས་མས་སུ་གཟིགས་རྟོག་མཛད་དགོས་གལ་ཆེ་ཞིག་ལ་བརྟེན།  གུ་ད་མ་ནས་བྱོན་པའི་ཚེ།  རིན་པོ་ཆེས་བླ་མ་ཡིན་པའི་རྣམ་པ་ཟུར་ཙམ་ཡང་མ་བསྟན་པར།  གནས་བསྐོར་པ་དཀྱུས་མ་བཞིན་མཛད་ནས།  ཞབས་ཕྱི་སྐལ་བཟང་ཁུར་ཤིང་འཁུར་བའི་མི་གསུམ་དང་།  རིན་པོ་ཆེས་ཀྱང་ཕྱག་དཔེ་ལྟ་བུ་ཞིག་བསྣམས་ཏེ་ཕེབས་བསྐྱོད་མཛད་པའི་དགུང་ཞག་བདེ་བ་ཐང་ལ་གུར་ཆུང་ཞིག་ཕུབ་ནས་བཞུགས་པ་དང་།  བཀྲ་ཤིས་སྒང་རམ་སྦྱར་ཡུལ་ནས་ཡིན་པའི་ཌཀྚར་དཀར་ཅུང་འཁོར་གཡོག་དང་བཅས།  དགུན་རྒྱ་དུས་ཀྱིཚོང་ལས་ལ་གུ་ད་མའམ་མལ་ལ་བ་ཛར་ལ་ཕྱིན་པ་ལས་སླར་ཡུལ་ལ་ལོག་དུས།  ཞག་ས་བདེ་བ་ཐང་ལ་འཁེལ་བས་དེ་ནུབ་གུར་ཕན་ཚུན་བྱས་ཏེ་བཞུགས་པ་ལས།  རིན་པོ་ཆེ་དཔོན་གཡོག་རྣམས་སྔོན་ཕེབས་མཛད་ཀྱང་།  ཞབས་ཕྱི་གཅིག་ཚ་དུག་ནད་ཀྱིས་ཟིན་པ་ལྟ་བུས་ལམ་བགྲོད་མ་ཕེར་བ་ལ་བརྟེན།  དེའུ་རི་གྲང་གི་ར་དེང་ར་ཟེར་བའི་གྱེན་ལམ་གྱི་རྩ་བར་ཌཀྚར་འཁོར་བཅས་ཀྱིས་[119a]རྗེས་ཟིན།  དེར་ཌཀྟར་དཀར་ཅུང་གིས།  རིན་པོ་ཆེའི་ཞབས་ཕྱི་ནད་པ་ལ་ཚ་དུག་ཚད་ནད་འཇོམས་པའི་སྨན་ཞིག་ཀྱང་བྱིན་ནས།  རིན་པོ་ཆེར་སྐུ་ཉིད་དཔོན་གཡོག་རྣམས་མཉམ་དུ་ཕེབས་ཐུབ་ན་སྐུ་ཆས་ཁུར་པོ་ང་ཡི་རྟ་ལ་བཀལ་བས་ཆོག  གླ་རྔན་ཟེར་བ་གང་ཡང་གནང་མི་དགོས།  ངེད་ཀྱང་རྟ་དྲེའུ་གྱི་རྩྭ་ཁ་དང་བསྟུན་ནས།  ག་ལེར་འགྲོ་ཡག་ཡིན་ཞེས་ཞུ་འདུག  རིན་པོ་ཆེས་ཀྱང་།  ངེད་གནས་བསྐོར་པ་ལ་ཁྱེད་ཀྱིས་ [ཀྱི་] རོགས་ཕན་མཛད་གནང་ན་ཐུགས་རྗེ་ཆེ་བ་ཡིན་ཞེས་གསུངས་ཏེ།  ཉིན་མོ་སྔོན་རྗེས་ཇི་ལྟར་ཡང་མཚན་མོ་བཞུགས་གནས་ཉེ་འདབས་སུ་འཁེལ་བ་བྱས་ནས་ཕེབས།  ཡོན་ཕུ་ལར་ཕེབས་གྲུབ་པ་དང་།  རིན་པོ་ཆེས་ཌཀྚར་དཀར་ཅུང་ལ།  ཁ་དར་ཨ་ཤེ་དང་དམ་རྫས་ཤོག་བལྟབ་གནང་སྟེ།  ངེད་གནས་སྐོར་པ་ལ་གྲོགས་རམ་མཛད་པ་བཀྲིན་ཆེ།  ད་ནི་གནས་འདི་ལ་ཉིན་ཞག་ཁ་ཤས་ངལ་གསོ་རྒྱུ་ཡིན་ཞེས་གསུངས་ཏེ་བཞུགས་འདུག  དེ་ལས་ཌཀྚར་འཁོར་བཅས།  བཀྲ་ཤི་སྒང་རྫོང་གི་ཉེ་འདབས་སུ་ཞག་ས་འཁེལ་ནས།  དྲགོས་རྫོང་དཔོན་གྱི་སྐུ་མདུན་ལ་བཅར་བའི་སྐབས།  གནས་ཚུལ་དྲི་བ་དྲིས་ལན་གྱི་བཀའ་མོལ་འཕྲོ་ཞིག་ལ།  ཌཀྚར་གྱིས་གོང་གསལ་བཞིན་སྦས་ཡུལ་པདྨ་བཀོད་པ་བླ་མ་དཔོན་གཡོག་བཞི།  བདེ་བ་ཐང་ནས་ཡོན་ཕུ་ལའི་བར་ཁོང་དང་མཉམ་དུ་ཕེབས་པ་མ་ཟད།  སྐུ་ཆས་ཀྱང་བླ་མ་དཔོན་གཡོག་བཞི་ལས་ཞབས་ཕྱི་གཅིག་ཚ་དུག་གིས་མནར་བ་ཡིན་[119b]འདུག་པས།  ཁུར་པོ་འཁུར་གྱིན་ལམ་བགྲོད་མ་ཐུབ་པའི་དཀའ་ངལ་བྱུང་བ་མཐོང་བའི་ཁར།  གང་ལ་དཔྱད་ཀྱང་སྤྲུལ་པའི་སྐུ།  རྩ་ཆེན་ཞིག་རང་ཡིན་པར་འདུག་བསམས་ནས།  སྐུ་ཆས་ལྗིད་ཅན་ར་དེང་ར་ཟེར་བ་ལས།  ཡོན་ཕུ་ལའི་ལབ་རྩེ་མ་ཎི་ཚུན་ཞབས་ཏོག་ཞུས་པ་ཡིན་ཟེར་ཡང་།  ཌཀྚར་ཁོ་རང་དང་དྲགོས་རྫོང་དཔོན་དེའི་ཚེ་སྐུ་མདུན་ན་ཡོད་པའི་མི་སོགས་སུ་ཞིག་གིས་ཀྱང་།  གནས་སྐོར་ལ་ཕེབས་པའི་བླ་མ་སྐྱབས་རྗེ་བདུད་འཇོམས་རྡོ་རྗེ་འཆང་ཡིན་པ་མ་ཤེས་ཞེས།  རྫོང་དཔོན་དང་ཕ་གཅིག་པའི་སྲིང་མོའི་ཁྱོ་ག  ཁྲིམས་དཔོན་བགྲེས་པ་ཚེ་རིང་གིས་བཤད་པར་ཐོས་པ་མ་ཟད།  ཕྱིས་སུ་ཁོ་བོས་ཌཀྚར་དཀར་ཅུང་ལ་དྲི་བ་བྱས་པས།  གོང་གསལ་གནད་དོན་ཞིབ་ཆ་བཤད་བྱུང་།

དེ་ལས་རིན་པོ་ཆེ་དཔོན་གཡོག་རྣམས་ཡོན་ཕུ་ལ་ཕར་ཕྱིར་ཉིན་ཞག་འགའ་ཞིག་བཞུགས་ཏེ་བཀྲ་ཤིས་སྒང་ཕྱོགས་སུ་ཕེབས་པའི་ཚེ།  དགུང་ཞག་གར་བཞུགས་མ་ཤེས་ཀྱང་བཀྲ་ཤིས་སྒང་དུང་བུམ་པའམ་ཀ་ཀ་ཎི་ཟེར་བའི་སར་ཉིན་གུང་ཙམ་ལ་ཕེབས་འདུག  དེར་གསོལ་ཇ་ཞིག་བཞེས་བཞིན་བཞུགས་པའི་སྐབས།  རྫོང་དཔོན་གྱི་ཕྱག་གཡོག་འགའ་ཞིག་རོང་ཐུང་སྣག་ཚང་ནས་ཉེར་མཁོའི་ཅ་ཆས་ལེན་ནས་རྫོང་ནང་ལ་སོང་བ་གཟིགས་ཏེ་མི་དེ་དག་ལ་རིན་པོ་ཆེས་པདྨ་བཀོད་ནས་ཡིན་པའི་རྩིས་པ་ཞིག་འདི་ཕྱོགས་སུ་ཡོད་[120a]པ་ཡིན།  ཁྱེད་ཅག་གིས་ཤེས་སམ་ཞེས་གསུངས་པ་ལ།  མི་དེ་རྣམས་ཀྱི་གྲས་ལས་གཅིག་གིས་ངོ་ཤེས།  ད་ལྟ་དགེ་སློང་འགའ་ཞིག་ལ་རྩིས་སྟོན་གྱིན་ཡོད་ཅེས་ཞུས་འདུག  དེ་ལས་རིན་པོ་ཆེས་རྩིས་སྟོན་མཁན་དང་ངེད་རང་ཚོ་ཕ་ཡུལ་གཅིག་པའི་མི་ཡིན་པདྨ་བཀོད་ནས་རྒྱ་གར་གྱི་ཡུལ་ལ་གནས་བསྐོར་དུ་ཕྱིན་པ་ལས་སླར་པདྨ་བཀོད་ལ་འགྲོ་མཁན་ལགས་པས།  རྩིས་པ་དེ་ཉིད་ངེད་ཅག་དང་ངོ་ཐུག་ལ་ཡུད་ཙམ་ཤོག་ཟེར་མངགས་བྱུང་ཞེས་སྨྲོས་ཤིག་ཟེར་བ་ལྟར་རྩིས་པ་ལ་བཤད་འདུག་པས་ཡུད་ཙམ་ལ་རྩིས་པ་དེ་ཉིད་རིན་པོ་ཆེའི་སྐུ་མདུན་ལ་བཅར་བ་ཡིན་ཟེར།  དུས་དེའི་ཚེ་་བཀྲ་ཤིས་སྒང་གི་རྫོང་རྨང་ནས་གསོས་ཏེ་གསར་བློང་རྟེན་དང་བརྟེན་པ་མཐའ་དག་བསྒྲུབས་པའི་རབ་གནས་ཀྱི་སྐབས་སུ་བབ་པ་ལས།  གྲུབ་དབང་ཤཱཀྱ་ཤྲིའི་ཞལ་སློབ་མཁས་དབང་སློབ་དཔོན་སྨོན་ལམ་རབ་བཟང་དང་།  བླ་མ་བསོད་ནམས་བཟང་པོ།  བླ་མ་ཀོ་ཏ་ཞེས་ཞུ་བ་གསུམ་གྱིས་དབུ་ཁྲིད་མཛད་དེ་བཀྲ་ཤིས་སྒང་གི་རབ་བྱུང་དགེ་འདུན་སྡེ་ཚོགས་དང་བཅས་པས་རབ་ཏུ་གནས་པའི་ཆོ་གའི་སྟ་གོན་གནང་ཉེ་ལ་ཡོད་པ་ཡིན་འདུག  གོང་སྨོས་པདྨ་བཀོད་ནས་ཡིན་པའི་རྩིས་པ་དེ་ཉིད་ཆུང་དུས་ནས་ཨོ་རྒྱན་སྨིན་གྲོལ་གླིང་གྲྭ་ཚང་གི་སྒྲིགས་ལ་ཞུགས་པས།  གཞུང་དང་རིག་གནས་ཆོ་ག་ཕྱག་ལེན་སོགས་ལ་སྦྱངས་པ་ཆེ་བ་དང་།  ལྷག་པར་རྩིས་རིགས་ལ་ཤིན་ཏུ་ནས་མཁས་པའི་རྩེར་སོད་པའི་སྐྱེས་[120b]བུ་ཁྱད་པར་འཕགས་པ་ཞིག་ལགས་ཀྱང་ཁོང་གི་གཤིས་ཀ་ལྟ་བུས་བླ་ཆེན་མི་ཆེན་སུ་ཞིག་ལའང་ངོ་བསྟོད་ཞེས་ཆེར་མཛད་ཀྱི་མེད།  གོང་གསལ་བཞིན་ཕ་ཡུལ་གཅིག་པའི་མིས་ཐོས་པ་ལ་སུ་ཞིག་བསླེབས་ཡོད་པའམ་སྙམ།  མྱུར་བ་མྱུར་བར་རྫོང་གི་ཕར་ལོགས་གདུང་བུམ་པ་ཕྱིན་པ་ན།  བདུད་འཇོམས་རྡོ་རྗེ་འཆང་མཇལ་ནས་དགའ་བ་ཚད་མེད་སྐྱེས་པས་སླར་རྫོང་ལ་ལོག་སྟེ།  རྫོང་དཔོན་བཞུགས་པའི་གཟིམ་ཁང་ཐད་ཀྱི་རྡོ་གཅལ་ལས།  དྲག་ཤོས་དྲག་ཤོས་ཞེས་སྐད་ཅོར་ཆེན་པོས་བོས་ཏེ།  གུ་རུ་རིན་པོ་ཆེ་སྐུ་ཤ་རློན་པ་བདུད་འཇོམས་སྤྲུལ་སྐུ་ཕེབས་ནས།  གདུང་བུམ་པ་ལ་བཞུགས་འདུག་པས་རབ་གནས་ལ་གདན་འདྲེན་ཞུ་བར་མཛད་ན་ཤིན་ཏུ་ནས་དགེ་མཚན་ཆེ་བ་ཞིག་ཡིན།  གདན་འདྲེན་ཞུ་འདུན་མཆིས་ཚེ།  སེར་བང་ལྟེ་སེར་སྒྲེང་གི་གྲ་འགྲིགས་ཀྱང་མཛད་དགོས།  འཁར་རྔ།  ཊིང་ཊིང་།  བ་རྔ་ཟེར་བ་རེ་ཡང་བརྡུང་རན་པ་ཡིན་ཟེར་བ་སོགས།  རིན་པོ་ཆེ་རྫོང་ནང་དུ་གདན་འདྲེན་ཞུས་ཤིག་ཅེས་པའི་ལོ་རྒྱུས་སྨྲས་པ་ལ།  དེར་ཡོད་སྐྱེ་བོ་ཆེ་ཕྲ་ཐམས་ཅད་པདྨ་བཀོད་པའི་སློབ་དཔོན་གྱིས་མཛད་སྤྱོད་ལ་ཡ་མཚན་ནས་གད་མོ་ཤོར་བ་ཡིན་ཟེར།  དེ་ལས་དྲགོས་རྫོང་དཔོན་དེ་ཉིད།  བདུད་འཇོམས་ཡིད་བཞིན་ནོར་བུ་ལ།  དད་མོས་གདིང་ནས་ཡོད་པར་བརྟེན།  པད་བཀོད་རྩིས་སློབ་ནས་ལོ་རྒྱུས་དེ་བཞིན་ཞུ་བའི་མོད་ཉིད་ལ།  རྟོགས་པས་བདག་རྒྱུད་གྲོལ་ཞིང་ཐུགས་རྗེས་གཞན་རྒྱུན་སྨིན་ངེས་པའི་[121a]སློབ་དཔོན་སྨོན་ལམ་རབ་བཟང་དང་།  སློབ་དཔོན་བསོད་ནམས་བཟང་པོ།  བླ་མ་ཀོ་ཏ་ཞེས་བྱ་བའི་བླ་རྒན་རྣམ་གསུམ་ཞལ་འཛོམས་ནས་བཞུགས་པའི་སར་བྱོན་ཏེ།  རྫོང་ནང་དུ་གདན་དྲངས་ནས་རབ་གནས་ཀྱི་ཚོགས་དབུར་བཞུགས་སུ་གསོལ་བའི་གྲབས་འགྲིགས་ [བསྒྲིག་] སྐོར་གྲོས་མོལ་ཞིབ་རྒྱས་གནང་ཞིང་བཞུགས་ཁྲི་སོགས་བཀོད་མཛེས་ཀྱི་ཞལ་བཀོད་གསུངས།  དེ་ལས་མཁས་མཆོག་བླ་མ་རྣམ་གསུམ་ཡང་།  སྙིགས་དུས་འགྲོ་བའི་སྐྱབས་མགོན་གཅིག་པུ་པར་གྱུར་པ་བསྟན་པ་གཅིག་ལ་སྟོན་པ་གཉིས་པ་གསང་བ་སྔགས་ཀྱི་བདག་པོ་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྒྱལ་ཚབ་གཏེར་ཆེན་བདུད་འཇོམས་རྡོ་རྗེ་འཆང་།  སྐུ་དངོས་མངྒ་ལའི་ལྗོངས་འདིར་ཞབས་ཀྱི་པདྨོའི་རེ་ཁཱ་མངོན་པར་བཀོད་པ་ལ་ཐུགས་ཡིད་རབ་ཏུ་དགྱེས་ཤིང་སྤྲོ་བའི་རྣམ་འགྱུར་ཚད་མེད་ངང་མཇལ་དར་བསྣམས་ཏེ།  གདུང་བུམ་པར་བསྐྱོད་དེ་ལུས་གུས་པས་ཕྱག་དང་།  ངག་གུས་པས་མཚམས་དྲི་ཞུ་བར་བྱས་ཤིང།  ་རྫོང་གི་རབ་གནས་ཀྱི་ཚོགས་དབུར་བཞུགས་པ་ཞིག་ཅེས་གསོལ་བ་འདེབས་པ་ལས།  རིན་པོ་ཆེས་ཀྱང་དུས་བབ་ལུང་བསྟན་ལྟ་བུར་དགོངས་ཏེ་ཞལ་བཞེས་མཛད།  དེ་ལས་རབ་སྡེའི་གནས་བརྟན་གྱིས་གཙོས།  དབུ་མཛད་ལ་སོགས་པ་གྲྭ་ཚང་གི་འགན་ཅན་སློབ་དཔོན་རྣམས་དང་།  དགེ་སློང་བགྲེས་གཞོན་བཅས་རབ་ཏུ་བྱུང་བའི་དགེ་འདུན་པ་དམངས་ནས།  རྔ་དུང་ལ་སོགས་པ་མཆོད་པའི་བྱེ་བྲག་དར་འཕན་སྣ་ཚོགས་པ་ཐོགས་པའི་སེར་སྒྲེང་དང་།  དྲགོས་རྫོང་དཔོན་གིས་གཙོས་ཡུལ་གྲོང་ཁག་སོ་སོའི་དྲག་ཤོས་དྲུང་པའི་གོ་གནས་ཅན།  དེ་ལས་རྫོང་[121b]དཔོན་གྱིས་བསྐོ་བཞག་བྱས་པའི་གཉེར་ཆེན་དང་ཡུལ་སྲུང་པ།  སྒོ་རབ།  ཚོང་དཔོན་ཟེར་བ་སོགས་དང་།  ཡུལ་གྲོང་ཁག་གི་དམངས་མི་ཨ་པ་ཁོ་ཅི་གཙོར་རྒན་བསྡུ་བླངས་པ་ཟེར་བ་སོགས་མདོར་ན་རྫོང་གསར་བསྐྲུན་གྱི་རབ་གནས་ཀྱི་བྲེལ་བ་ལ་བརྟེན་ནས་འཛོམས་པའི་སྐྱེ་བོ་ཕོ་མོ་བརྒྱ་ཕྲག་དུ་མ་བང་བསྒྲིགས་ཏེ་རྫོང་ནང་དུ་རབ་གནས་གསུང་ཆོག་གི་ཚོགས་དབུར་གདན་འདྲེན་ཞུ་བའི་ལོ་རྒྱུས་ཡོངས་གྲགས་ལྟར་ལ།  དུས་དེའི་ཚེ་པད་བཀོད་སློབ་དཔོན་ལས་དཀར་ནག་རྩིས་ཀྱི་རིམ་པ་སློབ་སྦྱོང་མཛད་པོ་རམ་འགེང་བླ་མ་དབུ་མཛད་བགྲེས་པ་བསྟན་འཛིན་ཀུན་ལེགས་ཀྱི་ཞལ་ནས་ཞིབ་ཆ་ཐོས་པ་དང་།

གཞན་ཡང་དུས་དེའི་ཚེ་ལ་༧སྐྱབས་རྗེ་བདུད་འཇོམས་རྡོ་རྗེ་འཆང་མཇལ་ཁ་ཞུ་ཞིང་དབང་དང་ཆོས་འབྲེལ་ཐོབ་པའི་སྐྱེ་བོ་སྐྱ་སེར་མང་པོས།  བཤད་ཐོ་བཤད་སྒྲོས་ཀྱང་བཀྲ་ཤིས་སྒང་ཆ་འདུས་ལས།  ཉིན་ཞག་དྲུག་གམ་བདུན་ཙམ་འགོར་བའི་ས་གནས་རྒྱང་ཐག་རིང་པོའི་མི་རྣམས་མ་གཏོགས།  ཉིན་ལམ་གཉིས་དང་གསུམ་ལ་སླེབ་པའི་ཡུལ་མི་རྣམས་ནི།  ཁྱིམ་གཅིག་ལ་མི་ཇི་ཡོད་ཐམས་ཅད་མཇལ་ཁ་འཐོབ་ཆེད་དུ་རེས་མོས་བྱས་ཏེ་མཇལ་ཁ་ཞུ་བར་བཅར་བ་ཡིན་ཞེས་དང་།  ནད་ཀྱིས་མནར་བའི་ནད་པ་དང་།  གཞན་ཡང་ལམ་བགྲོད་མ་ཕེར་བའི་སྐྱེ་བོ་འགྲོ་ན་རྐང་པས་བརྡུགས།  ལྟ་ན་མིག་གིས་བརྡུགས་པའི་རྒན་རྒོན་རྣམས་ཀྱང་རང་སའི་ལུས་ལས་མཆེད་པའི་བུ་དང་བུ་མོས།  སྒལ་པར་འཁུར་བ་དང་རྟར་བཞོན་[122a]བཅུག་པ་སོགས་བྱས་ཏེ།  མཇལ་ཁ་ཞུ་བ་དང་མ་ཎི་བཛྲ་གུ་རུ་ལ་སོགས་པའི་ལུང་ལ་སོགས་པ་ཆོས་འབྲེལ་ཞུ་བར་བྱས་པ་དེ་བཞིན།  ཡངས་རྩེ་པ་དང་མོང་སྒར་པ་སོགས་ཀྱང་མང་པོ་འཛོམས།  མི་རྣམས་ཐམས་ཅད་མཇལ་ཁ་ཐོབ་པ་དང་།  ཆོས་འབྲེལ་བཀའ་དབང་ཐོབ་པའི་གོ་སྐབས་བཟང་པོ་བྱུང་བ་ལ་བརྟེན་ནས།  དལ་འབྱོར་མི་ལུས་ལན་གཅིག་ཐོབ་པའི་མི་ཚེ་འདི་ལ།  སངས་རྒྱས་གཉིས་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྒྱལ་ཚབ་བདུད་འཇོམས་ཡིད་བཞིན་ནོར་བུའི་གསེར་ཞལ་མངོན་སུམ་དུ་མཇལ་བ་མ་ཟད་།  ཚངས་ལྷའི་སྐད་དུ་གསུངས་པའི་གསུང་དབྱངས་ཀྱིས།  ཐམས་ཅད་ཀྱི་སེམས་ལ་དགའ་བའི་ཚོར་བ་དཔག་ཏུ་མེད་པ་བྱུང་བས།  བསམ་པ་རྫོགས་པའི་ལོ་རྒྱུས་བསྒྲགས་པ་དང་།  ལྷག་པར་དུ་དེང་འཆི་སང་འཆིའི་དུས་ལ་གཏུགས་པའི་རྒན་རྒོན་རྣམས་ཡིད་དགའ་ཞིང་དད་པ་དང་མོས་པ་བསམ་གྱིས་མི་ཁྱབ་པས།  ད་ནས་ད་ལྟ་ཉིད་དུ་འཆི་བར་འགྱུར་ན་ཡང་བློ་འགྱོད་ཡིད་འགྱོད་མེད་དོ་ཅེས་སྨྲས་དང་སྨྲ་བར་བྱེད་པ་ནི།  ཁོ་བོ་སྐྱེས་ལོ་བཅུ་ཕྲག་གཅིག་གི་སྟེང་དུ་སོན་པའི་སྐབས་ཡིན་པས་ལེགས་པར་ཐོས་སོ།།

ཤར་ཕྱོགས་ཀྱི་རྗེ་དཔོན་བྱུང་རབས་བློ་གསར་བྱིས་པ་དགའ་བའི་རྣ་རྒྱན་ལས་སོ༎